ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གཙོ་གནད་རྣམ་གྲངས་ཀྱིས་འཕེལ་རྒྱས་ལ་སྟོབས་ཤུགས་གཅིག་སྡུད་བྱེད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2023-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་དུ་གནས་པའི་བོད་ལྗོངས་བར་རྩེ་ཆུ་བེད་ལྟེ་གནས་དང་དེ་བཞིན་ལེ་ལག་ཚང་བའི་ཆུ་འདྲེན་ཁུལ་གྱི་ལས་གྲྭ་གཙོ་བོ་སྐྲུན་ཡུལ་དུ་ཨར་སྐྲུན་གྱི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། ཨར་སྐྲུན་གྱི་ལེ་ལག་ཚང་བའི་རྣམ་གྲངས་ཇུས་འགོད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གནས་སྤོས་ཡུལ་མི་སོགས་ཀྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།

2022ལོའི་ཟླ་10ཚེས་28ཉིན། ཁྱོན་མ་དངུལ་སྒོར་དུང་ཕྱུར་29.38བཏང་བའི་བོད་ལྗོངས་བར་རྩེ་ཆུ་བེད་ལྟེ་གནས་དང་དེ་བཞིན་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་གཙོ་བོ་དངོས་སུ་སྐྲུན་འགོ་ཚུགས་ཡོད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཆུ་བེད་ལས་གྲྭ་གལ་ཆེན་150ཡི་གྲས་ཤིག་ཡིན་ལ། མིག་སྔར་རྒྱལ་ཡོངས་ཀྱི་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་ཆུ་བེད་ལས་གྲྭ་གལ་ཆེན་ཞིག་ཀྱང་ཡིན། རྣམ་གྲངས་དེ་ལྟེ་བའི་ལས་གྲྭ་དང་། ངམ་རིང་གི་ཆུ་མཁོ་འདོན་ལས་གྲྭ ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་གྱི་ལས་གྲྭ་བཅས་ལས་གྲུབ་པ་དང་། ཞིང་ཆུ་འདྲེན་པ་དང་གློག་གཏོང་གཙོ་བོར་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་དང་ཟུང་འབྲེལ་བྱས་ཤིང་། འཆར་འགོད་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི་4.28ཟིན་པ་དང་གློག་ཁང་གི་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་58ཟིན་པར་ལོ་མང་རིང་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་2.06ཟིན་གྱི་ཡོད་པ་རེད།

རྣམ་གྲངས་འཛུགས་སྐྲུན་དོ་དམ་གྱི་འགན་འཁུར་མཁན་གཞིས་རྩེ་ཇོ་རི་གྲོང་ཁྱེར་མ་འཇོག་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྤྱི་ཁྱབ་ཅིང་ལི་སྤེན་པ་ཚེ་རིང་གིས། ལས་གྲྭ་བསྐྲུན་རྗེས་ཞིང་ཆུ་འདྲེན་ཁུལ་གྱི་དཔྱིད་དུས་དང་དགུན་དུས་ཀྱི་སྐམ་ཤས་ཆེ་བ་དང་ཆུ་དཀོན་པའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་གཏོང་ཐུབ་པ་དང་ས་གནས་དེ་གའི་ཆུའི་ཐོན་ཁུངས་གསར་སྤེལ་ཐུབ་སྟེ་གཞིས་རྩེ་གྲོང་ཁྱེར་གྱི་རྫོང་5ཡི་དགུན་དུས་གློག་དཀོན་པའི་གནད་དོན་གཞི་རྩའི་ཆར་ཐག་གཅོད་ཐུབ་ནས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ལ་ནུས་པ་གལ་ཆེན་ལྡན་ཡོད་ཅེས་གསར་འགོད་པར་བཤད།

བོད་ཀྱི་དཔལ་འབྱོར་སྤྱི་འབོར་ཉུང་བ་དང་རྨང་གཞི་ཞན་པས་ཀྲུང་དབྱང་གི་གཙོ་གནད་བོད་སྐྱོར་རྣམ་གྲངས་འཛུགས་སྐྲུན་ཐོག་མཐའ་བར་གསུམ་དུ་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྐུལ་འདེད་གཏོང་ཤུགས་ཆེན་པོ་ཞིག་རེད། 2022ལོ་ཚུན་བོད་ཀྱི་འགན་གཙང་འགན་ལེན་རྣམ་གྲངས་22མགྱོགས་མྱུར་ལག་ལེན་བསྟར་ཡོད། ཁྲོན་བོད་ལྕགས་ལམ་བོད་ལྗོངས་དུམ་བུའི་ལེ་ལག་ཚང་བའི་གཞུང་ལམ་རྣམ་གྲངས་46དང་G318སྤུས་ཚད་ལེགས་སུ་གཏོང་བའི་སྒྱུར་བཀོད་ལས་གྲྭ་ཚང་མ་ལས་འགོ་ཚུགས་པ་དང་ཕད་ནས་མེ་ཏོག་བར་གྱི་གཞུང་ལམ་ཧྲིལ་པོ་བསྐྲུན་ཟིན་ཡོད། ལྷུན་རྩེ་དང་དིང་རི་གནམ་ཐང་བསྐྲུན་ནས་གནམ་གྲུ་ཤར་གཏོང་ཐུབ་ཡོད། ཆན་ཝ་ཁྲི་བརྒྱ་རིམ་པའི་ཆུ་ཤུགས་གློག་ཁང་དང་པོ་བཤོལ་བ་ལུང་ཆུ་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ་དང་། བར་རྩེ་ཆུ་བེད་ལྟེ་བའི་ལས་གྲྭ་སྐྲུན་འགོ་ཚུགས་པ། ཤངས་ཆུ་ཆུ་བེད་ལྟེ་གནས་ཀྱི་ཆུ་སྒོ་ཕྱེ་ནས་ཆུ་གསོག་པ་བཅས་ལས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

གྲོལ་མ་ཐག་པའི་བོད་ཀྱི་ཚོགས་འདུ་གཉིས་ལ་བོད་ཀྱིས་གཏན་འཁེལ་བྱས་པའི་2023ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཙམ་འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་8%ཙམ་དང་10%ཙམ་འཕར་བ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་སླེབས་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་བརྟག་དཔྱད་བྱེད་ཚད་5%ཙམ་ཟིན་པ་བཅས་བྱེད་དགོས་ཀྱི་ཡོད།

འདི་ལོ་བོད་ཀྱིས་གཙོ་གནད་རྣམ་གྲངས་ཀྱི་ཐོགས་མེད་འགན་ལེན་བགྲོད་ལམ་སྐྲུན་རྒྱུ་དང་། ཆད་རུང་ཞིབ་མཆན་འགོད་པ་དང་མཉམ་འབྲེལ་ཞིབ་བཤེར་ཆོག་མཆན་སྤྲོད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་151ལག་བསྟར་མགྱོགས་པོ་བྱེད་པའི་ནང་། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་དང་། ཡུན་བོད་ལྕགས་ལམ་སྤོ་བོ་ནས་ར་འོག་དུམ་བུའི་བར་ཨར་པོ་རྒྱག་འགོ་ཚུགས་པ་དང་། ལྷ་གཞིས་མྱུར་བགྲོད་གཞུང་ལམ་དང་། སེང་གེ་ཁ་འབབ་གྲོང་རྡལ་ནས་དགུན་ས་གནམ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ། ཅིང་བོད་མྱུར་བགྲོད་གཞུང་ལམ་གྱི་ནག་ཆུའི་ཚོད་ལྟའི་དུམ་བུ། G318ལམ་ཐིག་གི་སྤུས་ཚད་ལེགས་གཏོང་སྒྱུར་བཀོད། G219ལམ་ཐིག་མེ་ཏོག་ནས་རྫ་ཡུལ་བར་གྱི་གསར་སྐྲུན་བསྐྱར་སྐྲུན་ལས་གྲྭ་སོགས་་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཚུད་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་གཏོང་རིམ་སྤོར་དང་། ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་སྤུས་ཚད་ལེགས་གཏོང་དང་ཕན་འབྲས་ཆེར་གཏོང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཡོང་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་གི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།