ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཚོ་ཆུང་ཆུང་གི་འཕོ་འགྱུར་ཆེན་པོ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མེ་ཏོག་རྫོང་འབྲས་སྤུངས་ཤང་གི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་བྱུང་བ།

མེ་ཏོག་རྫོང་གྲོང་ནས་ལྷོ་ཕྱོགས་སུ་ཆུ་ཚོད་གཅིག་ཙམ་བསྐྱོད་རྗེས་འབྲས་སྤུངས་ཤང་དུ་འབྱོར།

མེ་ཏོག་གི་ཤང་དང་གྲོང་རྡལ་གཞན་དག་དང་བསྡུར་ཚེ་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཧིན་རྡུ་རྒྱ་མཚོ་ཆེ་མོའི་ཆུ་རླངས་བགྲོད་ལམ་ཆེན་པོར་གནས་པའི་འབྲས་སྤུངས་ཤང་གི་ཆ་སྙོམས་ས་བབ་དེ་བས་དམའ་པོ་ཡོད་པ་རེད། དེ་གར་རི་ཚོགས་མུ་ལ་མུ་འཁྱུད་དུ་ཆགས་པ་དང་སྤྲིན་གསེབ་ཏུ་ནགས་ཚལ་སྟུག་ལ་དྭངས་ཤིང་གཙང་བའི་ཆུ་ཕྲན་མང་པོ་རྒྱུག ཞོགས་པ་རི་གསེབ་ཏུ་སྨུག་པ་སྟུག་ལ་གཙང་པོའི་ངོས་སུ་ལང་ལོང་དུ་འཁྲིགས་པའི་སྤྲིན་སྨུག་དང་སྔོ་ལྗང་ལྗོན་ཤིང་དེ་བཞིན་བརྗིད་ཉམས་ལྡན་པའི་གངས་རི་ལས་མཛེས་སྡུག་གི་རྣམ་པ་ཞིག་མངོན།

འགྲིམ་འགྲུལ་ཆ་རྐྱེན་དམིགས་བསལ་དབང་གིས་ས་མཐོའི་རོང་ཁུལ་ཕྱི་ཕྱོགས་དང་འབྲེལ་ཐག་ཆད་ནས་དུས་ཡུན་རིང་པོ་ཞིག་གི་ནང་རི་ཁུག་ཏུ་ལུས་པའི་མང་ཚོགས་མང་ཆེ་བ་པང་ལེབ་ཀྱི་ཐོག་ཁང་དུ་བསྡད་ཡོད་པ་དང་། ཐོན་སྐྱེད་ཐད་སྔར་བཞིན་བསྲེགས་རྨོད་གྲིས་འདེབས་གཙོ་བོར་བྱེད་པ་དང་སྐྱེལ་འདྲེན་རྦད་དེ་མི་དང་ཁལ་ཕྱུགས་ལ་བརྟེན་པའི་གདོད་མའི་འཚོ་བ་སྐྱེལ་གྱི་ཡོད།

འབྲས་སྤུངས་ཤང་ནས་སྨན་གླིང་རྫོང་ཕད་གྲོང་རྡལ་བར་ནི་མེ་ཏོག་ནས་འགྲོ་འོང་བྱེད་པའི་ནུབ་སྒོ་ཆེན་པོ་ཞིག་རེད། ཐུན་མོང་མ་ཡིན་པའི་རི་མཐོ་དང་གྲོག་རོང་གི་ས་དབྱིབས་དང་ས་ཁམས་ཆགས་ཚུལ་རྙོག་འཛིང་ཆེ་བས་ས་གཤིས་སོབ་སོབ་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད། ཆུ་ལོག་སོགས་ས་གཤིས་ཀྱི་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། དེས་ན་མང་ཚོགས་ཀྱི་འཚོ་རྟེན་ཡིན་པའི་ས་ཞིང་ཕྱོགས་བཞིར་ཁ་ཐོར་དུ་གནས་པ་དང་འབྲས་བུ་བསྡུ་བའི་དུས་ཚིགས་འཆར་རིམ་བཞིན་ཡུལ་མི་རྣམས་ཀྱིས་དགའ་སྤྲོའི་དཔལ་ལ་རོལ་བ་དང་ཆབས་ཅིག་དབོར་འདྲེན་གྱི་དཀའ་ངལ་ཡང་ཆེན་པོ་འཕྲད་བཞིན་ཡོད“དེ་སྔ་ཚྭ་དང་བཟའ་བཅའ་ཉོ་བར་སྨན་གླིང་རྫོང་ཕད་གྲོང་རྡལ་དུ་ཉིན་བདུན་བརྒྱད་ཙམ་སྐྱོད་དགོས་ཀྱི་ཡོད། ནུས་ཤུགས་ཆེ་ཙམ་ཡོད་ཚེ་རྒྱ་མ་བརྒྱ་ལྷག་ཙམ་གྱི་དངོས་ཟོག་ཐེག་པ་དང་། ནུས་ཤུགས་ཆུང་བས་རྒྱ་མ་དྲུག་ཅུ་བདུན་ཅུ་ལས་ཐེག་གི་མེད། ལམ་ཞེང་ཆེ་ཆུང་སྨི་གཅིག་གཉིས་ཙམ་ལས་མེད། འབྲས་སྤུངས་ཤང་ནས་ཞི་རང་གྲོང་ཚོ་ཁོ་ནར་ཉིན་གཉིས་ཙམ་འགྲོ་དགོས་ཀྱི་ཡོད་ལ་འཚོ་བའི་དངོས་ཟོག་དང་འཛུགས་སྐྲུན་དངོས་ཟོག་ཚང་མ་མི་དང་ཁལ་ཕྱུགས་ལ་རྟེན་དགོས་ཀྱི་ཡོད”ཅེས་འབྲས་སྤུངས་ཤང་ཞི་རང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སངས་རྒྱས་དོན་གྲུབ་ཀྱིས་དྲན་གསོ་བྱེད་བཞིན་བཤད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འབྲས་སྤུངས་ཤང་དུ་འཕེལ་རྒྱས་མྱུར་པོ་འགྲོ་བའི་གོ་སྐབས་བཟང་པོ་འཕྲད།

གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་བ་དང་བསྟུན་ནས་ཐོག་མར་ཁྱིམ་ཚང་དང་དུད་ཚང་དུ་བསྐྱོད་དེ་རོགས་རམ་དང་འགན་གཙང་ལེན་པ་དང་བཅར་འདྲི་བྱེད་པ་ནས་གྲོང་སྡོད་ལས་དོན་རུ་ཁག་གིས་དབུལ་སྐྱོར་རོགས་སྐྱོར་གཏིང་ཟབ་བྱེད་པའི་བར་དང་། དེ་རྗེས་དབུལ་སྐྱོར་བྱ་ཐབས་ཁག་ལག་ལེན་བསྟར་བའི་བར། གྲོང་གསེབ་གསར་པ་བསྐྲུན་པ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་དེ་ནས་གྲོང་གསེབ་དར་རྒྱས་གཏོང་བའི་བར་དུས་ཐུང་ལོ་བཅུའི་དུས་ཚོད་ནང་འབྲས་སྤུངས་ཤང་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། གྲོང་མི་ཚོའི་སྡོད་ཁང་ཁྱོན་ཡོངས་ནས་བསྐྲུན་ཟིན་པ་དང་ཁྱིམ་ཚང་ཚང་མ་སྤྲོ་ཁང་ནང་སྡོད་རྒྱུ་བྱུང་ཡོད། རང་འབབ་ཆུ་ཀ་ལ་དུད་ཚང་དུ་ཁྲིད་པ་དང་། ཆུ་ཚ་པོ་བཟོ་ཆས་ལས་ཆུ་ཚོད་24རིང་ཆུ་ཚ་པོ་བཟོ་ཐུབ་ཡོད། གཏེར་ཀོང་གྲོང་ཚོའི་གྲོང་མི་ཀྲང་ཝེ་ཅུན་གྱིས“དེ་སྔ་གྲོང་ཚོར་རླངས་འཁོར་མཐོང་རྒྱུ་མེད། ད་ཆ་གྲོང་ཚོར་རླངས་འཁོར་ཆེ་ཆུང་སྣ་ཚོགས་ཡོད། གྲོང་ཚོ་ཡོངས་ཀྱི་གྲོང་མིར་རྐོ་འདྲུའི་འཕྲུལ་འཁོར་12དང་། འདོན་འཇུག་འཕྲུལ་འཁོར་8 རླངས་འཁོར་ཆེ་གྲས་5 སྒེར་འཁོར་10བཅས་ཡོད་ཁར་དུད་ཚང་ཚང་མར་སྦག་སྦག་ཡོད”ཅེས་བཤད། གཏེར་ཀོང་གྲོང་ཚོའི་ཏང་ཀྲི་པུས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་པའི་ཁྲོད་གྲོང་མིའི་བྱེད་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྣམ་གྲངས་ལག་བསྟར་དང་མང་ཚོགས་ངལ་རྩོལ་ལ་ཞུགས་རྒྱུ་ཟུང་འབྲེལ་བྱས་ཏེ་མང་ཚོགས་ལས་གྲྭ་འཛུགས་སྐྲུན་ནང་ཧུར་ཐག་བསྡུས་ཡོད། གྲོང་མི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་ཡུལ་དུ་གླ་པར་སྐྱོད་པ་དང་། རྐོ་འདྲུའི་འཕྲུལ་འཁོར་དང་འདོན་འཇུག་འཕྲུལ་འཁོར་ལས་ཡུལ་དུ་བོགས་མར་གཏོང་བ་མ་ཟད་མི་སེར་གྱི་སྡོད་ཁང་ཡང་ཁྱིམ་ཚང་མགྲོན་ཁང་གི་བོགས་མར་གཏོང་གི་ཡོད། གྲོང་ཚོའི་ཕྱོགས་བཞི་ནས་ཐོན་སྐྱེད་དང་འཚོ་བའི་ལམ་བུ་སྣུར་བསྲིང་བྱས་ཏེ་གྲོང་མིའི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་བསྐྲུན་པ་དང་ཚད་ལྡན་གྱི་གད་སྙིགས་རྫིང་བུ་དང་དེ་བཞིན་གཙང་སྦྲ་ལྡན་པའི་སྤྱི་པའི་གསང་སྤྱོད་བསྐྲུན་ཞིང་། གྲོང་ཚོར་ད་དུང་གཙང་སྦྲ་བྱེད་མཁན་བཀོད་སྒྲིག་བྱས་པས་གྲོང་ཚོའི་རྣམ་པ་གཙང་ལ་གྲལ་འགྲིག་པོ་ཡོད།

གྲོང་ཚོའི་ནང་གི་སློབ་ཆེན་སློབ་མ་དང་ཞིབ་འཇུག་སློབ་མ་མང་དུ་ཕྱིན་པ་དང་སློབ་གྲྭ་ཐོན་ནས་ཕ་ཡུལ་དུ་ལོག་མཁན་ཡང་མང་དུ་ཕྱིན་ཡོད། “ད་ཆ་གྲོང་ཚོའི་ནང་སློབ་གྲྭར་འགྲོ་མཁན་ཕྲུ་གུ་མང་པོ་འདུག དེ་སྔ་ཤང་དུ་སློབ་གྲྭར་འགྲོ་དགོས་དུས་ལམ་བདེ་པོ་གཏན་ནས་མེད” ཚེ་རིང་མཚོ་མོས་ང་དང་གཅུང་པོ་གཞུང་ལས་པར་རྒྱུགས་འཕྲོད་སོང་ཞེས་བཤད། “ན་གཞོན་ཚོ་ཉིང་ཁྲི་དང་ལྷ་ས་སོགས་སུ་གླ་པར་སྐྱོད་མཁན་ཡོད་ལ། ད་ཆ་ཚུར་ལོག་མཁན་ཡང་ཡོད། ང་ཚོའི་ཁྱིམ་མཚེས་སྔོན་ཆད་ས་ཆ་གཞན་དུ་གླ་པར་སྐྱོད་ཀྱི་ཡོད་མོད། ད་ཆ་གྲོང་ཚོར་ཚོང་ཁང་གཉེར་ནས་ཚོང་ཡང་ཡག་པོ་འདུག”

2014ལོར་རྫོང་གིས་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་མུའུ་1200ཟིན་པའི་ཚ་ཆུ་ཁ་ཇ་ཞིང་ལྡུམ་ར་བསྐྲུན་འགོ་ཚུགས་ཤིང་། འདི་ལོ་ལོ་62ལ་སླེབས་པའི་ཇ་འདེབས་འཛུགས་དུད་ཚང་ཝུའེ་ཅང་གིས་ང་ཚོས་སྔོན་ཆད་མ་རྨོས་ལོ་ཏོག་དང་ཆུ་འབྲས་འདེབས་པ་དང་རྗེས་སུ་ཇ་ཞིང་བགོས་ནས་ལོ་གཅིག་ལ་ཇ་ཐེངས་གཉིས་འཐུ་ཆོག་གི་འདུག ཇ་འདེབས་པར་དཀའ་ངལ་ཆེ་ཡང་ཡོང་འབབ་ཡག་པོ་རག་གི་ཡོད་ཅིང་། ན་ནིང་ཡོང་འབབ་སྒོར་6000ལྷག་ཙམ་བྱུང་ཞེས་བཤད། ཐོན་ལས་རོགས་སྐྱོར་རྣམ་གྲངས་ཕྱོགས་ཡོངས་ནས་སྤེལ་ཞིང་། སྲིད་གཞུང་གིས་མ་དངུལ་བཏང་ནས་ཇ་ཞིང་བསྐྲུན་པ་དང་གྲོང་མི་ཚོས་གསོ་ཚགས་དང་འདེབས་འཛུགས་ལས་རིགས་ཆུང་གྲས་གཉེར་བ་མ་ཟད། ད་དུང་རིགས་གཅིག་མཁས་ཅན་གྲོང་ཚོར་མངགས་ནས་ལག་རྩལ་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད་པ་རེད།

འབྲས་སྤུངས་ཤང་ཇང་ཤིང་གྲོང་ཚོའི་སྔོ་ཚལ་འགྱིག་ཤོག་དྲོད་ཁང་ཆེ་མོ་ཁ་ཤས་རི་འདེབས་སུ་བསྐྲུན་ཡོད་པ་དེའི་ནང་ཤ་མོའི་རིགས་སྐྱེ་འཚར་ཧ་ཅང་ཡག་པོ་ཡོད། འདི་ནི“90ནང་སྐྱེས”ཀྱི་མོན་པ་བ་ཚེ་རིང་ལྷག་སྒྲོན་དང་སྨིན་དྲུག་མཚོ་མོ་གཅེན་གཅུང་གཉིས་ཀྱིས་དཀའ་སྤྱད་ལས་གཏོད་བྱས་པའི་འབྲས་བུ་ཞིག་རེད། ཁོང་གཉིས་ཀྱིས“ས་ཆ་འདི་ནི་ང་ཚོ་སྐྱེ་ས་དང་འཚར་ས་ཡིན་པས་ཕ་ཡུལ་ནི་སྐྱིད་ཤོས་རེད”ཅེས་བརྗོད་ཀྱི་འདུག ལས་གཏོད་བྱེད་རིང་སྲིད་གཞུང་གིས་ལས་གཏོད་རོགས་སྐྱོར་ཐེབས་རྩ་གནང་བ་མ་ཟད། ད་དུང་ལག་རྩལ་མི་སྣ་ཁོང་ཚོའི་བཟའ་བཅའི་ཤ་མོ་འདེབས་འཛུགས་ལ་མཛུབ་སྟོན་བྱེད་པར་གདན་དྲངས་ཏེ་གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་སྡོད་ལས་དོན་རུ་ཁག་སོགས་ཀྱིས་ཀྱང་ཁོང་ཚོར་སྲིད་ཇུས་དང་ལག་རྩལ་གྱི་རྒྱབ་སྐྱོར་རག་ཐབས་བྱས་ནས་ཚོང་ལམ་གཏོད་རོགས་བྱས་པ་རེད། ཁོང་ཚོས“རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབད་བརྩོན་བྱས་ཚེ་ཡུལ་མི་ཚོའི་འཚོ་བར་དེ་བས་སྟབས་བདེ་ཡོང་ངེས་ཡིན་ལ། གྲོང་མི་དེ་བས་མང་བ་ཕྱུག་པོ་ཆགས་རྒྱུའི་རེ་བའང་བརྟན་པོ་ཡོད”ཅེས་བཤད།

2014ལོར་སྤ་སྟེང་གྲོང་ཚོར་སྨྱུག་བསླས་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། གཙོ་བོ་སྨྱུག་མ་ལས་སྣོན་དང་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་རིམ་རྩིས་བྱས་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་300ལྷག་ཙམ་བྱུང་ཡོད་པ་རེད། 2018ལོར་སྤ་སྟེང་གྲོང་ཚོའི་སྨྱུག་བསླས་ལག་རྩལ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་འདུན་ཞུ་ཐུབ་པ་རེད། སྨྱུག་མ་བསླ་རྒྱུ་ནི་ལག་ཤེས་པའི་ངོས་ནས་བརྗོད་ན་འཚོ་ཐབས་ཤིག་ཡིན་ཞིང་། ཡུལ་ཕྱོགས་གཅིག་གི་མི་འཚོ་ཐུབ་པ་དང་ཆབས་ཅིག་སྒྱུ་རྩལ་གྱི་བློ་སྦྱོང་དེ་མི་ཁག་གཅིག་ལ་བརྒྱུད་སྤྲོད་ཐུབ་ལ། མི་ཆོས་རིག་གནས་ཀྱི་སྙིང་སྟོབས་ཤིག་ཀྱང་ཡིན་པས་ཡུལ་ཕྱོགས་དེའི་མི་སྐྱེད་སྲིང་ཐུབ་ཀྱི་ཡོད། འདི་ནི་སྨྱུག་བསླས་པའི་བརྩེ་བ་དང་ཞེན་ཆགས་ཤིག་ཡིན་ཞིང་། སྲོལ་རྒྱུན་རིག་གནས་བརྟན་སྲུང་དང་། མཐའ་འཁྱོངས། རྒྱུན་འཛིན། སྲུང་སྐྱོང་བཅས་བྱེད་ཀྱི་ཡོད།

སྔོ་ཐིང་ཐིང་གི་རི་མགོར་ཤ་ཤེད་རྒྱས་པའི་ནོར་ལུག་ཁྱུ་དང་ཁྱུ་གནས་པ་དང་ད་ཆ་དགྱེ་གླིང་གྲོང་ཚོར་ཞིང་ལས་དང་ཡུལ་སྐོར་གྱི་མཉམ་འདྲེས་ཐོན་ལས་ཀྱི་རྣམ་པ་རགས་ཙམ་ཆགས་ཡོད་པ་སྟེ། གང་སར་ཇ་ཞིང་འཛུགས་སྐྲུན་བྱེད་མཇུག་འགྲིལ་ཉེར་ཡོད་པ་དང་། འགྲམ་དུ་ད་དུང་རླངས་འཁོར་གྱི་སྦྲ་གུར་སྒར་ས་བཙུགས་པ། རྫོང་གི་ཆེད་སྤྱོད་མ་དངུལ་གྱི་རོགས་སྐྱོར་འོག་གྲོང་ཚོའི་ཁྱད་ལྡན་དམངས་སྲོལ་ཁྱིམ་ཚང་མགྲོན་ཁང་6བསྐྲུན་པ། རང་བྱུང་ཐོན་ཁུངས་དང་ཟུང་འབྲེལ་བྱས་ནས་གྲོང་ཚོར་ནགས་ཚལ་བདེ་ཐང་སླར་གསོའི་ཁུལ་དང་། མེ་ཏོག་དང་འདབ་ཆགས་སོགས་ཀྱི་མཛེས་པར་རོལ་བའི་ཡུལ་སྐོར་ལམ་ཐིག་མང་པོ་ཞིག་འཆར་འགོད་བྱས་ཡོད་པ་རེད།

རོགས་སྐྱོར་སྲིད་ཇུས་སྣ་ཚོགས་ཀྱིས་གྲོང་མིའི་བྱ་གཞག་གཏོད་པའི་འདུན་པ་ཆེ་རུ་ཕྱིན་པ་དང་ཕྱུག་འགྱུར་གྱི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་པ་མ་ཟད། རང་སྟོབས་རང་སྤེལ་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་ཁྲིད་ཐུབ་ནས་ཕྱིར་གླ་པ་རྒྱུག་ནས་ཕ་ཡུལ་དུ་ལས་གཏོད་བྱེད་པར་ཡོང་མཁན་ཡང་རིམ་བཞིན་མང་དུ་ཕྱིན་ཡོད། གྲོང་གསེབ་མཛེས་སུ་དང་མང་ཚོགས་ཕྱུག་ཏུ་སོང་ནས་འབྲས་སྤུངས་ཤང་གི་ཡུལ་མི་རྣམས་དེ་ལས་ཕན་པ་ཐོབ་མཁན་ཞིག་ཡིན་ལ་དེ་བས་བདེན་དཔང་བྱེད་མཁན་ཞིག་ཀྱང་རེད།

ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འབྲས་སྤུངས་ཤང་གིས“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་སྤྱིའི་བླང་བྱ་གཞིར་བཟུང་དངོས་སྒྲུབ་ཀྱི་ཐོག་ནས་མདུན་སྐྱོད་ཀྱི་གོམ་པ་བརྟན་པོ་སྤོ་བ་དང་གོ་སྐབས་དམ་འཛིན་བྱས་ནས་ངར་སེམས་ཆེར་བསྐྱེད་ཀྱིས་འབྲས་སྤུངས་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།