ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་ལྗོན་ཤིང་འཛུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱིི་དྲ་བའི་འཕྲིན། “འདི་གར། ལོ་5ཡི་གོང་བྱེ་ཐང་རེད”ཅེས་བོད་ལྗོངས་ཅང་ཕིང་ཞིང་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་ཚེ་དབང་རིག་འཛིན་གྱིས་བཤད།

ཁོང་གིས་བཤད་པ་ལྟར་ན། ཡར་ཀླུང་གཙང་པོའི་བྱང་ངོགས་ནི་ལྷོ་ཁ་གྲོང་ཁྱེར་གྱི་བྱེ་འགྱུར་ས་ཆ་ཚབས་ཆེ་ཤོས་གཅིག་སྡུད་ཁུལ་རེད། དུས་རབས་གོང་མའི་ལོ་རབས་80པར་ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་བསྐྲུན་ནས་བྱེ་རླུང་འགོག་བཅོས་བྱས་ཏེ་ལེ་དབར་བརྒྱ་ཟིན་པའི་སྐྱེ་ཁམས་བར་ཁྱམས་བསྐྲུན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་བྱེ་འགོག་བྱེ་བཅོས་ཀྱི་རྨང་གཞིའི་ཐོག་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་བབ་དང་བསྟུན་ནས་སྒྲིག་བཀོད་ཞིང་ལས་སོགས་སྐྱེ་ཁམས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་སྒོར་དུང་ཕྱུར་བརྒྱ་ཟིན་པའི་ཐོན་ལས་ཁྱམས་རིང་ཞིག་བཏོད་ཡོད། ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་པ་དང་། སྐྱེ་ཁམས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། ཁོར་ཡུག་མཛེས་པ་དང་ཐོན་ལས་དར་བའི་མཛེས་རིས་ཤིག་རིམ་བཞིན་མངོན་ཡོད་པ་རེད།

ས་མཐོའི་བྱེ་ཐང་སྔོ་ལྗང་ཁུལ་དུ་གྱུར་པ། 

དགུན་དུས་ཀྱི་དྲོ་སོབ་སོབ་ཀྱི་ཉི་འོད་འོག་ཏུ་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རི་གྲོང་ཚོའི་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོ་བཀོད་སྒྲིག་བྱ་ཡུལ་གྱི་རྒྱབ་རིར་གསོམ་ཤིང་མང་པོ་ཞིག་སྐྱེ་འཚར་ཧ་ཅང་ཡག་པོ་བྱུང་ཡོད། 2020ལོ་ནས་བཟུང་། ཀྲུང་གོ་འགྲིམ་འགྲུལ་སྐྱེལ་འདྲེན་ཧྲང་ཧའེ་ཆུ་ལམ་ཅུས་ཆུ་བེད་ཀུང་སིས་ས་ཁོངས་དེའི་སྐྱེ་ཁམས་སླར་གསོ་དང་བྱེ་འགྱུར་ས་ཆ་བཅོས་སྒྲིག་གི་ལས་གྲྭ་སྐྲུན་འགན་འཁུར་བ་དང་། ལོ་དེ་རང་ལ་སྔོ་འགྱུར་ནགས་བཟོ་མུའུ་ཁྲི་2.8ལེགས་སྒྲུབ་བྱས་པ་རེད།

“སྐྱེ་ཁམས་སྔོན་ལ་འཇོག་པ་དང་ཡུལ་བབ་དང་བསྟུན་པའི”བཅོས་སྐྱོང་རྩ་དོན་ལ་གཞིགས་ཏེ་རྣམ་གྲངས་ཚོགས་པས་ས་དབྱིབས་དང་ཁྱད་ཆོས་མི་འདྲ་བར་གཞིགས་པ་དང་། ས་ཆ་བྱེ་འགྱུར་དང་རྩྭ་ཐང་ཞན་འགྱུར་གྱི་ཚབས་ཆེ་ཆུང་ལ་གཞིགས་ཏེ་ཐན་འགོག་གྲང་བཟོད་ཀྱི་སྡོང་རིང་སྡོང་ཐུང་སྣ་ཁ་14དང་རྩྭ་སྣ་ཁ་6བདམས་ཏེ་བཅོས་སྒྲིག་བྱས་པ་རེད། རྣམ་གྲངས་དོ་དམ་མི་སྣ་ཁྲེན་ཁོ་ཁོ་ཡིས་རྣམ་གྲངས་ལ་སྡོང་ཕྲུག་སྣ་ཚོགས་རྐང་ཁྲི་164བཏབ་པ་དང་། རྩྭ་སོན་ཏུན་114གཏོར་བ། ཆུ་གཏོར་མ་ལག་ཆ་ཚང་ཁྲི་1.2སྒྲིག་སྦྱོར་བྱས་པ། བདག་སྐྱོང་མདོང་ལམ་སྣ་ཚོགས་སྤྱི་ལེ་5360ལྷག་ཙམ་བཏིང་བ་མ་ཟད། སྤྱི་ལེ་10.6ལ་ཁྱབ་པའི་ལྗོན་ཤིང་བཙུགས་ཡོད་ཅེས་བཤད་པ་རེད།

“ལྟོས་དང་། གྲམ་ངོགས་སུ་ཁྲུང་ཁྲུང་སྐེ་ནག་ཁྱུ་གཅིག་འདུག” ཅེས་ཁྲེན་ཁོ་ཁོ་ཡིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ལས་ངང་སེར་དང་ཁྲུང་ཁྲུང་མགོ་ཁྲ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཡིད་དབང་བཀུག་ནས་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་ཅེས་བཤད།

ད་ཆ་བྱེ་རླུང་གི་གནམ་གཤིས་ལོ་རེ་བཞིན་ཉུང་དུ་ཕྱིན་ནས་ཡར་ཀླུང་གཙང་པོའི་འགོག་སྲུང་ནགས་ཚལ་གྱིས་སྐྱེ་ཁམས་ཁོར་ཡུག་དང་གནམ་གཤིས་ལེགས་སུ་ནུས་ལྡན་ཕྱིན་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་གོང་དཀར་རྫོང་དང་། གྲ་ནང་རྫོང་། སྣེ་གདོང་ཆུས་བཅས་ཀྱི་ཡར་ཀླུང་གཙང་པོའི་བྱང་རྒྱུད་ས་ཁོངས་སུ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དོ་དམ་ཅུས་བཙུགས་ནས་ཁེ་ལས་དྲངས་ཏེ་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ཤུགས་ཆེན་བྱས་ནས་བོད་ཀྱི་རྒྱལ་ཡོངས་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་འབའ་ཞིག་དེ་བཏོད་པ་རེད།

གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོར་བོད་ལྗོངས་བོད་རྩྭ་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་སིའི་རྟེན་གཞིའི་ལྗང་གསོ་ཁང་དུ་གངས་འདབ་སྔོན་པོ་དང་། ཧི་མ་ལ་ཡའི་བ་སྤུ་མེ་ཏོག་སྨུག་པོ། སྤུ་ལྡན་མེ་ཏོག་སོགས་རང་ཡུལ་གྱི་རྩི་ཤིང་རིགས་10ལྷག་ཙམ་སྔོ་ཐིང་ཐིང་དུ་འཚར་ཡོད། བོད་ལྗོངས་བོད་རྩྭ་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་སིས་ས་དབྱིབས་མི་འདྲ་བའི་སྐྱེ་འཚར་ཅུང་ལེགས་པ་དང་ཟུར་སྣོན་རིན་ཐང་ཅུང་མཐོ་བའི་སྐྱེ་དངོས་རིགས་ཏེ་སྐྱེ་ཁམས་སླར་གསོའི་ས་བོན་སྣེ་ཁ་གཙོ་བོར་བརྩིས་ནས་འདེབས་གསོ་བྱས་ཤིང་། མིག་སྔར་སྨི་1800ནས་སྨི་5300བར་གྱི་ས་བབ་མཐོ་ཚད་ཀྱི་ཁྱབ་ཁོངས་ནང་རྩི་ཤིང་གི་སྡོང་ཕྲུག་དང་ས་རྒྱུའི་མ་དཔེ་སོགས་རི་སྐྱེས་སོན་རྒྱུའི་ཐོན་ཁུངས་སྣ་ཁ་600ཙམ་དང་རྩི་ཤིང་གི་མ་དཔེ་ཁྲི་4ཙམ་འཚོལ་བསྡུ་བྱས་པ་མ་ཟད། དེའི་ཁྲོད་ཀྱི་རང་ཡུལ་གྱི་རྩི་ཤིང་རིགས་30ཙམ་ལ་འདེབས་གསོ་དང་འདུལ་གསོ་བྱས་པ་རེད།

བོད་ལྗོངས་བོད་རྩྭ་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་སུའེ་ཐའོ་ཡིས། སླད་ཕྱིན་ཀུང་སིས“སྐྱེ་ཁམས་གྲངས་གཞི་ཆེ་མོའི་རིག་ལྡན་བཀོད་འདོམས་མ་ལག་དང་། རང་ཡུལ་གྱི་རྩི་ཤིང་འདུལ་གསོ་རྒྱུད་སྤེལ་མ་ལག སོན་རྒྱུའི་ཐོན་ཁུངས་གྲབས་གསོག རིགས་ཁག་གི་སྐྱེ་ཁམས་སླར་གསོའི་ལག་རྩལ་ཚད་གཞི། གཏན་འཇགས་རྣམ་པའི་སྐྱེ་ཁམས་ཐོན་རྫས་ཞིབ་སྤེལ”བཅས་ཟུང་འབྲེལ་གྱི་རྣམ་པ་བོད་ཡོངས་སུ་ཁྱབ་གདལ་གཏོང་རྩིས་ཡོད་ཅེས་བཤད་པ་རེད།

སྐྱེ་ཁམས་ཐོན་ལས་ཁུལ་དར་བ། 

བོད་ལྗོངས་ཅང་ཕིང་ཞིང་ལས་ཚད་ཡོད་འགན་འཁྲི་ཀུང་སིར་སྐྱོད་སྐབས། ས་ཞིང་མུའུ་100ཡི་ཐོག་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་པ་དང་ལས་མི་ཚོས་གཟབ་ནན་ངང་གྲོ་མ་སྔོག་བཞིན་འདུག ལོ་གསུམ་ཚོད་ལྟ་བྱས་པ་བརྒྱུད་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་སྐྱེས་གྲོ་མ་མི་ཐབས་ལ་བརྟེན་ནས་བཏབ་པ་རེད།

“མུའུ་རེའི་གྲོ་མ་ཐོན་འབབ་སྟོང་ཁེ་700ཙམ་ཟིན་གྱི་ཡོད། ང་ཚོས་ཉོ་མཁན་དང་གྲོས་མཐུན་བཞག་ནས་ཏུན་རེར་སྒོར་ཁྲི་10ཡི་རིན་གོང་ཐོག་ནས་འཚོང་རྒྱུ་ཡིན”ཞེས་བོད་ལྗོངས་ཅང་ཕིང་ཞིང་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཤེ་ལེ་ཁུའེ་ཡིས་བཤད་ཅིང་། ཁོང་གིས་གྲོ་མ་འདེབས་པ་དེ་ཀུང་སིའི་འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་ཆེ་ཤོས་ཤིག་ཏུ་འགྱུར་རྒྱུ་དང་འདེབས་ཁྱོན་མུའུ་300ནས་500བར་ཟིན་རྒྱུ་རེད་ཅེས་བཤད།

2016ལོ་ནས་བཟུང་། གྲ་ནང་རྫོང་དུ་མ་འཇོག་བྱས་ཚུན་བོད་ལྗོངས་ཅང་ཕིང་ཞིང་ལས་ཚད་ཡོད་འགན་འཁྲི་ཀུང་སིས་དེང་རབས་ཅན་གྱི་ཚད་གཞི་མཐོ་བའི་དྲོད་ཁང་ཆེན་པོ་མུའུ་50དང་། ཤིང་འབྲས་སྔོ་ཚལ་དང་གཟན་རྩྭ་འདེབས་གསོའི་རྟེན་གཞིའི་དྲོད་ཁང་ཆེན་པོ་མུའུ་120 ས་མཐོའི་སྐྱེ་དངོས་དང་སྨན་རྩྭ་འདེབས་འཛུགས་རྟེན་གཞི་མུའུ་100 གཟན་རྩྭ་འདེབས་འཛུགས་རྟེན་གཞི་མུའུ་2000བཅས་བསྐྲུན་ཡོད་པ་རེད། འདི་ལོ་ཤིང་འབྲས་དང་སྔོ་ཚལ་ཁོ་ན་བྲིན་ཚོང་བྱེད་ཚད་སྒོར་ཁྲི་400ཟིན་བཟོ་ཡོད་པ་རེད།

“ང་ཚོས་ཉོ་མཁན་ལ་དངོས་དཔེ་བསྐུར་རྗེས་ལན་ཆ་ཧ་ཅང་ཡག་པོ་འདུག ཁོ་ཚོས་དགུན་ཁ་འདི་རང་ལ་ཤིང་འབྲས་སེའུ་སྒོང་ཉོ་ཐུབ་པའི་རེ་བ་བྱེད་ཀྱི་འདུག”ཤིང་འབྲས་སེའུ་སྒོང་གི་ལོ་རེའི་ཐོན་འབབ་ཏུན་2000ཙམ་ཟིན་གྱི་ཡོད་ཅེས་བོད་ལྗོངས་གྲམ་ཐང་སྐྱེད་ཚལ་ཞིང་ལས་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཀུའོ་ཞའོ་ཅུན་གྱིས་བཤད། ན་ནིང་ནས་བཟུང་། ཀུང་སིས་བྲིན་ཚོང་ཐབས་ལམ་གཏོད་འགོ་ཚུགས་ཤིང་། མིག་སྔར་ཀོང་ཀྲོའུ་དང་། ཧྲང་ཧའེ། ཁྲང་ཧྲ་སོགས་ས་ཆའི་སྤྱིའི་བརྒྱུད་འཚོང་པ་དང་གྲོས་མཐུན་བཞག་པ་དང་། ཤིང་འབྲས་བརྒྱ་པ་ལྡུམ་ར་སོགས་དང་འཐབ་ཇུས་རང་བཞིན་གྱི་མཉམ་ལས་སྒྲོམ་གཞི་ཆགས་ཡོད་པ་རེད།

“བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོད་པ་དང་། ཉི་འོད་ཕོག་ཡུན་རིང་བ། དྲོ་གྲང་ཧེ་བག་ཆེ་བ་བཅས་ཡོད་པས་ཤིང་འབྲས་སེའུ་སྒོང་གི་བྲོ་བ་ཧ་ཅང་ཞིམ་པོ་ཡོད”ཀུའོ་ཞའོ་ཅུན་གྱིས་དུས་ཐེངས་གཉིས་པའི་མུའུ་150ཟིན་པའི་རྩི་ཤིང་བཟོ་གྲྭ་རྒྱས་སྐྲུན་བྱས་རྗེས། ནམ་དུས་བཞིར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཤིང་འབྲས་དང་སྔོ་ཚལ་མཁོ་འདོན་ཐུབ་ནས་ཁྲོམ་རའི་དུས་མིན་སྔོ་ཚལ་མེད་པའི་སྟོང་ཆ་གསབ་ཐུབ་པ་མ་ཟད། ཁྲོམ་རའི་འགྲན་རྩོད་ནུས་པ་དེ་བས་ཆེ་རུ་ཕྱིན་ཡོད་ཅེས་བཤད། ཚོད་ལེན་ཞིབ་རྩིས་བྱས་པར་གཞིགས་ན། བཟོ་ལས་ཅན་གྱི་འདེབས་འཛུགས་བརྒྱུད་རྩི་ཤིང་བཟོ་གྲྭའི་ལོ་རེར་མུའུ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་20ཟིན་གྱི་ཡོད་པ་རེད། གཞན་ཡང་བེད་མེད་དུ་བསྐྱུར་བའི་བཅུད་ལྡན་ཁུ་བ་དང་སྐྱེ་ལྡན་ཀྭ་རིགས་ལས་གཟན་རྩྭ་སྐྱེ་བར་ཕན་ནས་ས་གནས་དེ་གའི་ཞིང་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་འགྲོ་བ་དང་ཆབས་ཅིག་འབྲོག་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཀྱང་ཐུབ་ཡོད།

“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ་སྐྱེ་ཁམས་བཅོས་སྐྱོང་ནུས་ལྡན་བྱེད་པའི་རྨང་གཞིའི་ཐོག་ཡར་ཀླུང་གཙང་པོའི་བྱང་ངོགས་དེ་མ་རྩ་འཇོག་ཡུལ་གཙོ་བོར་གྱུར་ཡོད། ལྷོ་ཁ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུང་མེའོ་ཡིས“སྐྱེ་ཁམས+”སྒྲིག་བཀོད་ཞིང་འབྲོག་ལས་ཀྱི་དར་སྲོལ་གསར་པ་ཆགས་ཡོད་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ལེ་དབར་བརྒྱ་ཡི་དཔལ་འབྱོར་འབྲས་ཤིང་ཐོན་ལས་ཁུལ་ནུས་ཤུགས་ཡོད་རྒུས་བཏོད་དེ་སྡོང་ཆུང་ཀུ་ཤུ་དང་། རྒུན་འབྲུམ། སྟར་ཀ་སོགས་ཐོན་ལས་ཀྱི་གཞི་ཁྱོན་རགས་ཙམ་ཆགས་ཡོད་པ་དང་། མིག་སྔར་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་སྡོང་ཆུང་ཀུ་ཤུའི་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་3.5ཙམ་དང་། རྒུན་འབྲུམ་མུའུ་8000ལྷག་ཙམ། སྟར་སྡོང་མུའུ་ཁྲི་3.4བཅས་ཟིན་གྱི་ཡོད།

ཚན་རྩལ་ལ་བརྟེན་ནས་སྒུལ་ནུས་ཆེ་རུ་གཏོང་བ།

“ཐུག་ཙམ་བྱས་ན་ཆུ་གཏོང་མ་ལག་གི་ཁ་ཕྱེ་ཡི་འདུག ག་དུས་ཆུ་གཏོང་དགོས་པ་དང་ཅི་ཙམ་གཏོང་དགོས་པ་སོགས་སྒྲིག་བཟོ་བྱེད་ཆོག” བོད་ལྗོངས་ཅང་ཕིང་ཞིང་ལས་ཚད་ཡོད་འགན་འཁྲི་ཀུང་སིའི་གཞུང་ལས་ཁང་དུ་ཚེ་དབང་རིག་འཛིན་གྱིས་བྱང་ཆ་ལྡན་པའི་ངང་འཕྲུལ་ཆས་བཀོལ་སྤྱོད་བྱེད་བཞིན་འདུག བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་ནས་ཐོན་པའི་ཚེ་དབང་རིག་འཛིན་ནི་ས་སྐྱེས་རྡོ་སྐྱེས་ཀྱི་གྲ་ནང་བ་ཞིག་རེད། ད་ཆ་ཁོང་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་ནས་ཟླ་རེར་གླ་ཆ་སྒོར་8000ཡོད་པ་མ་ཟད། ད་དུང་སྔོན་ཐོན་ལག་རྩལ་སྦྱངས་ནས་མཐོང་རྒྱ་ཡང་ཆེ་རུ་ཕྱིན་ཡོད།

“གསལ་པོ་མ་ཤེས་པ་ཚང་མ་སྤྱི་ཁྱབ་ཀུང་སིའི་ལག་རྩལ་མི་སྣར་ཁ་པར་བརྒྱབ་ནས་འདྲི་ཆོག”ཚེ་དབང་རིག་འཛིན་ད་ལྟའི་ལས་ཀར་ཧ་ཅང་བློ་ཡིད་ཚིམ་པོ་ཡོད། ཁོམ་པ་བྱུང་ཚེ་ཁོང་དྲོད་ཁང་དུ་སློབ་སྦྱོང་བྱེད་པར་འགྲོ་བ་དང་། འདེབས་འཛུགས་ལག་རྩལ་ཡག་པོ་སྦྱངས་རྗེས་ཁྱིམ་དུ་དྲོད་ཁང་ཆེན་པོ་ཞིག་བརྒྱབ་ནས་ཕ་མར་སྔོན་ཐོན་གྱི་འདེབས་འཛུགས་ལག་རྩལ་སློབ་རྩིས་ཡོད།

དེང་རབས་ཅན་གྱི་ཞིང་འབྲོག་ལས་ཀྱི་ཁེ་ལས་སུ་ལས་ཀ་བྱས་པ་བརྒྱུད་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་མཐོང་རྒྱ་ཆེ་རུ་ཕྱིན་པ་མ་ཟད། ལག་རྩལ་ཡང་ཤེས་ཡོད། གྲ་ནང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཞིང་འབྲོག་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཐུབ་བསྟན་ཚེ་རིང་གིས། ཁོང་ཚོ་གྲ་ནང་གི་དེང་རབས་རིག་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བའི་རྐང་འཛིན་སྟོབས་ཤུགས་སུ་གྱུར་ནས་གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས།

ས་མཐོའི་དོན་དངོས་ལ་གཞི་ཚུགས་ནས་ཞིང་ལས་ཚན་རྩལ་ལས་ལ་གཞོལ། བོད་ལྗོངས་གྲམ་ཐང་སྐྱེད་ཚལ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་ས་མཐོའི་ཁོར་ཡུག་གི་འདེབས་འཛུགས་ཐད་སྤྱོད་པའི་འཁོར་སྐྱོད་ཆུ་འཚག་སྒྲིག་ཆས་དང་སྐྱེ་ཁམས་ཞིང་ལས་དྲོད་ཁང་ཆེན་པོའི་འདེབས་འཛུགས་མ་ལག་སོགས་ལག་རྩལ་བདུན་ལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་སྤྲད་པའི་ཉེར་མཁོའི་ཁེ་བེད་བདག་ཐོབ་གསར་པའི་ལག་ཁྱེར་ཐོབ་ཡོད། མིག་སྔར་ཀུང་སིས་ད་དུང་ཀྲུང་ཧྲན་སློབ་ཆེན་ཚེ་སྲོག་ཚན་རིག་སློབ་གླིང་དང་ཧུའུ་ནན་ཞིང་ལས་སློབ་ཆེན་འཕྲུལ་གློག་སློབ་གླིང་སོགས་དང་མཉམ་ལས་དང་འདོད་མོས་མཉམ་ལས་བྱས་ནས་ཐོན་སློབ་ཞིབ་གསུམ་གྱི་ལས་སྟེགས་ཧུར་ཐག་བསྐྲུན་ཡོད་པ་རེད།

ཚན་རྩལ་གྱི་ནུས་པར་བརྟེན་ནས་ཞིང་འབྲོག་ལས་ལ་སྐུལ་འདེད་བཏང་བ་ལས་གྲ་ནང་རྫོང་གིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་འདུན་ཞུ་བྱེད་པའི་གདེང་ཚོད་འཕེལ་ཡོད། “སླད་ཕྱིན་གླིང་ཁུལ་གྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ཟིན་པའི་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་ཐུབ་བསྟན་ཚེ་རིང་གིས་བཤད།

ཚན་རྩལ་གྱི་རམ་འདེགས་འོག་དེང་རབས་ཞིང་འབྲོག་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཞིང་། བོད་ལྗོངས་ཅང་ཡ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིར་སྐྱོད་སྐབས་ལོ་རེར་སྐྱེ་ལྡན་སྲ་སྙིགས་ཏུན་ཁྲི་10མེད་པར་བཟོ་བ་དང་། ལོར་སྐྱེ་དངོས་རྩ་རྒྱུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་10དང་སྐྱེ་དངོས་སྐྱེ་ལྡན་ལུད་ཏུན་ཁྲི་5ཐོན་སྐྱེད་བྱེད་པའི་དུས་ཐེངས་དང་པོའི་རྣམ་གྲངས་ལག་བསྟར་བྱེད་འགོ་ཚུགས་ནས་ལོ་5ཟིན་གྱི་ཡོད་པ་ཤེས་རྟོགས་བྱུང་། དེ་ནི་མིག་སྔར་བོད་ཀྱི་སྐྱེ་ལྡན་ལུད་དང་རྩ་རྒྱུ་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཡིན་པ་དེས་ལྷོ་ཁས་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ནུས་ལྡན་ཐུབ་རྒྱུ་རེད།

“《བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་རི་བོ་ནགས་བཟོ་སྔོ་འགྱུར་འདུ་འགོད་ཀྱི་འཆར་འགོད(2020ལོ་ནས་2035ལོ་བར)》ལ་གཞིགས་ན། ལྷོ་ཁས་ཡར་ཀླུང་གཙང་པོའི་བྱང་ངོགས་ཀྱི་གོང་དཀར་རྫོང་ནས་སྣེ་གདོང་ཆུས་བར་བདེ་སྐྱིད་ཁྱིམ་གཞིས་ཀྱི་ཕྱོགས་བསྡུས་སྐྱེ་ཁམས་བཅོས་སྐྱོང་ཁུལ་དང་སྣེ་གདོང་ཆུས་ནས་ཟངས་རི་རྫོང་བར་ཁྱད་ལྡན་དཔལ་འབྱོར་ནགས་དང་སྐྱེ་ཁམས་ཁོར་ཡུག་ཡུལ་སྐོར་ཁུལ་དུ་འཆར་འགོད་བྱ་རྒྱུ་རེད”ཞུང་མེའོ་ཡིས་སླད་ཕྱིན་ཡུག་ཁུལ་འདི་ལྷོ་ཁའི་ལྗང་མདོག་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཐོན་ལས་ཀྱི་མཐོ་ས་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།