ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་ཆུ་བེད་འཛུགས་སྐྲུན་མགྱོགས་མྱུར་འཕེལ་རྒྱས་སུ་ཕྱིན་ནས་དམངས་འཚོར་ཕན་བདེ་སྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་སྤྱི་བསྒྲགས་ཆ་འཕྲིན་ལྟར་ན། 2022ལོར་བོད་ལྗོངས་སུ་བསྡོམས་པས་ཆུ་བེད་ལས་གཞི་འཛུགས་སྐྲུན་རྣམ་གྲངས261ཡོད་པ་དང་། མིག་སྔར་རྣམ་གྲངས215ལས་མགོ་བསྐྱར་ཚུགས་བྱུང་ཡོད་ལ་ལས་མགོ་བསྐྱར་ཚུགས་བྱུང་ཚད82%སླེབས་ཡོད། དེའི་ཁྲོད་ལྷོ་ཁ་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར་བཅས་ཀྱི་ཆུ་བེད་རྣམ་གྲངས་ལས་མགོ་བསྐྱར་ཚུགས་བྱུང་ཚད100%ཟིན་ཡོད། ད་ལོར་གློ་བུར་དུ་བྱུང་བའི་པྲོག་གསར་རིམས་ནད་ལ་ཁ་གཏད་གཅག་ཏེ་བོད་ལྗོངས་ཀྱིས་རིམས་འགོག་དང་ཐོན་སྐྱེད་གཉིས་ལ་དམ་འཛིན་ནན་མོ་བྱས་ནས། གོ་རིམ་ལྡན་པའི་ངང་གཙོ་གནད་ཆུ་བེད་རྣམ་གྲངས་འཛུགས་སྐྲུན་མང་པོར་སྐུལ་འདེད་བཏང་སྟེ། རིམས་ནད་འགོག་སྡོམ་ལྷོད་གཡེང་དུ་མི་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་གྱི་མཚམས་མི་འཇོག་པར་སྐུལ་འདེད་ཏན་ཏིག་བཏང་།

ཆུ་བེད་འཛུགས་སྐྲུན་ནི་རྒྱལ་ཁབ་ཡུན་རིང་བདེ་འཁོད་ལ་འབྲེལ་བ་ཡོད་པའི་དོན་ཆེན་ཡིན། ཏང་ཀྲུང་དབྱང་གིས་ཆུ་བེད་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཆུ་བེད་བདེ་འཇགས་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། རང་རྒྱལ་གྱི་ཆུ་བེད་འཛུགས་སྐྲུན་སྐས་རིམ་གསར་བར་སྤོས་ནས་དུས་ཡུན་རིང་བོའི་ནང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་གནད་དོན་ཐག་གཅོད་བྱས། གངས་ལྗོངས་མཐོ་སྒང་དུ་བོད་ལྗོངས་ཀྱི་བཞུར་རྒྱུན་ཧྲིལ་བོ་དང་ཆུའི་ཐོན་ཁུངས་ཀྱི་བར་སྟོངས་དོ་སྙོམས་སྒྲིག་བཀོད་ལ་རྐང་ཚུགས་ཏེ། ཚན་རིག་མཐུན་པའི་སྒོ་ནས་ཆུ་བེད་ལས་གཞི་སྐོར་ཞིག་འཛུགས་སྐྲུན་འཆར་འགོད་བྱས། བསྡོམས་རྩིས་བྱས་པ་ལྟར་ན། 2012ལོ་ནས་ད་ལོའི་ལོ་སྟོད་དུ་ཆུ་བེད་ཐད་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར684.5དོན་འཁྱོལ་བྱས་པ།

ཚང་མས་ཤེས་གསལ་ལྟར་བོད་ལྗོངས་འདི་ཉིད“ཨེ་ཤ་ཡའི་ཆུ་ལྕོག”“སའི་གོ་ལའི་སྣེ་གསུམ་པ”ཡིན་པའི་ཆ་ནས་དེའི་ས་ཁམས་གནས་བབ་གལ་འགངས་ཆེ་བ་དང་། མཚོ་བོད་མཐོ་སྒང་གི་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུ་བེད་འཕེལ་རྒྱས་བཅས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད། ད་ལོའི་ལོ་སྟོད་དུ་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་བའི་ཐོག་སྤྱི་བསྒྲགས་བྱས་པའི་སྲིད་གཞུང་ལས་དོན་སྙན་ཞུའི་ནང་ཆུ་བེད་ལས་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་བསྟན། གཙོ་གནད་ཆུ་བེད་ལས་གཞིའི་སྔོན་དུས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་ནས། ཤངས་ཆུ་དང་བར་རྩེ། ཕུ་མདོ་སོགས་ཆུ་འདྲེན་ལས་གཞི་འཛུགས་སྐྲུན་བྱས་པ། མན་ལ་ཆུ་འདྲེན་ཁུལ་གྱི་ཆུ་གྲོན་ཆུང་སྒྲིག་བཀོད་དང་དེང་རབས་ཅན་སྒྱུར་བཀོད་སྤེལ་མགོ་ཚུགས་པ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལྷོ་མཚམས་དང་ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་མཚམས་སུ་ཕྱོོགས་བསྡུས་བཅོས་སྐྱོང་གཏིང་ཟབ་སྤེལ་བ་དང་། ཡར་ཀླུང་གཙང་པོའི་སྐྱེ་ཁམས་ལེགས་པོ་རྒྱ་སྐྱེད་དུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཀྱི་བར་སྟོངས་གསར་འབྱེད་བྱས་ཡོད། 

དེང་སྐབས། གཞིས་ཀ་རྩེ་རུ་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར27.1བཏང་བའི་ཤངས་ཆུའི་ཆུ་བེད་ལྟེ་བ་དང་དེའི་ལེ་ལག་ཆུ་འདྲེན་ཁུལ་གྱི་ལས་གཞི་ཟླ10པར་ཆུ་སྒོ་བརྒྱབ་ནས་ཆུ་གསོག་མགོ་བརྩམས་ཡོད། ལས་གཞིི་དེའི་གསར་འབྱེད་ལས་འགན་ནིི་ཆུ་འདྲེན་པ་དང་ཆུ་མཁོ་འདོན། སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྱུར་གཙོ་གནད་དུ་བཟུང་ནས་གློག་མཁོ་འདོན་གྱི་ལས་འགན་གཅིག་ལྕོགས་བྱས་ཡོད། རྣམ་གྲངས་ལག་བསྟར་བྱས་རྗེས། གཞིས་ཀ་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དང་སྨད་རྒྱུད་ལམ་རྒྱུད་ས་ཞིང་མུའུ་ཁྲི12.49ལ་ཞིང་ཆུ་འདྲེན་པར་ལེགས་སྒྱུར་ནུས་ལྡན་ཐུབ་པ་དང་། དེ་དང་ཆབས་ཅིག་ཏུ་བོད་དབུས་རྒྱུད་ཀྱི་གློག་དྲར་གློག་ཤུགས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཏེ། སྨད་རྒྱུད་ཀྱི་ཆུ་བོའི་མཚམས་ཀྱི་ཆུ་འགོག་ནུས་པ་ཇེ་མཐོར་གཏོང་བ་དང་། ས་ཆུ་ཤོར་བ་ཇེ་ཉུང་དུ་གཏོང་བ། ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ལྡན་ཡོད།

བོད་ལྗོངས་འདི་ཉིད་ཀྲུང་གོའི་འབྲོག་ཁུལ་ཆེ་གྲས་ལྔ་ཡི་གྲས་ཡིན་པས། ཞིང་ཕྱུགས་ལས་ཀྱིས་བོད་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད། ཀྲུང་གོའི་ཆུ་གློག་རྨང་གཞིའི་ཅུའུ་བོད་ལྗོངས་ཡན་ལ་ཀུང་སིས་ངོ་སྤྲོད་བྱས་པ་ལྟར་ན། ཆབ་མདོ་ནས་ལྷ་ས་དང་། གཞིས་ཀ་རྩེ་ནས་མངའ་རིས་བཅས་སུ་ཆུ་བེད་ལས་གཞི་མང་པོ་འཛུགས་སྐྲུན་བྱས་པས། བོད་ལྗོངས་ཀྱི་གྲོང་གསེབ་དཔལ་འབྱོར་དར་སྤེལ་ཐད་སྟོབས་ཤུགས་ཕུལ་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། ལོ་འདི་དག་རིང་བོད་ལྗོངས་ཀྱིས་སྐྲུན་ཟིན་པའི་རྣམ་གྲངས་ལ་བརྟེན་ནས། ས་གནས་ཀྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་བསྡུ་ལེན་དང་ས་གནས་ཀྱི་འཕྲུལ་ཆས་སྒྲིག་བཀོད་དང་སྐྱེལ་འདྲེན་རླངས་འཁོར་བོགས་གཏོང་བྱས་པ་བརྒྱུད། ས་གནས་ཀྱི་མང་ཚོགས་ལ་བསྡོམས་པས་སྒོར་དུང་ཕྱུར2.42འབབ་འཕར་བྱུང་བ་དང་། ཆུ་བེད་ཆུ་གློག་རྣམ་གྲངས་ཀྱིས་བོད་ལྗོངས་ཀྱི་རོང་འབྲོག་མང་ཚོགས་ཁྲི་བརྒྱ་ལྷག་ལ་ཕན་པ་སྒྲུབ་ཡོད།

ལོ་འདི་དག་རིང་། བོད་ལྗོངས་ཀྱིས་ཆུའི་ཐོན་ཁུངས་གསོ་སྐྱོང་དང་། ས་ཆུ་ཤོར་བ་འགོག་བཅོས། གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་སོགས་ཀྱི་བྱེད་ཐབས་སྤྱི་འདོམས་བྱས་ཏེ། གཙང་པོ་དང་ཆུ་བོའི་མགོ་ཁུངས་ཁུལ་དང་སྐྱེ་ཁམས་ཉམས་ཞན་ཁུལ། མཐོ་སྒང་གི་ཆུ་བོ་དང་མཚེའུ་གལ་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་ལ་ཤུགས་སྣོན་བརྒྱབ་པ་རེད། ཆུ་ལོག་སྔོན་འགོག་དང་གེགས་སེལ་ཐད། བོད་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར100ལྷག་བཏང་ནས་ཡར་ཀླུང་གཙང་པོ་དང་རྒྱལ་མོ་རྔུལ་ཆུ། རྫ་ཆུ་སོགས་གཙོ་གནད་བཞུར་རྒྱུན་དང་ཆུ་བོ་བཞུར་མཚམས8དུ་བཅོས་སྐྱོང་བྱས་པ་མ་ཟད། ཆུ་བོའི་བཞུར་རྒྱུན་དང་བཞུར་མཚམས་ཆེ་འབྲིང368དུ་བཅོས་སྐྱོང་བྱས་པ། ཞིང་གྲོང་གི་འཐུང་ཆུའི་ལས་གཞི་ཐད། ལོ་ངོ་བཅུའི་རིང་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར56.9བཏང་ནས་ཞིང་སྡེར་ཆུ་འདོན་ལས་གཞི་ཁྲི1.9ལག་བསྟར་བྱས་པ་དང་མི་ཁྲི281ལ་ཁེབས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། བོད་ལྗོངས་ཀྱིས་ཆུ་བེད་དང་འཕྲིན་གཏོང་། འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་བ་དང་། སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་ཕྱིན་ཡོད་པས།  གངས་ལྗོངས་མཐོ་སྒང་དུ་འཚོ་བ་སྐྱེལ་བའི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད་ལ། བོད་ལྗོངས་ཀྱི་མ་འོངས་བ་སྔར་བས་མཛེས་སྡུག་ལྡན་པར་གྱུར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།