ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་ཐབས་མང་སྤྱད་ནས་རྒན་གསོའི་ཞབས་ཞུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། དམངས་སྲིད་པུའུ་ཡི་གཞུང་ཕྱོགས་དྲ་ཚིགས་སུ་རྒྱལ་ཡོངས་རྒན་གསོ་ཞབས་ཞུའི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་མིང་ཐོ་སྐོར་གཅིག་ཁྱབ་བསྒྲགས་བྱས་ཤིང་། དེའི་ཁྲོད་བོད་ལྗོངས་ཀྱི་ལས་ཁུངས1དང་མི་སྒེར5ཚུད་ཡོད་ལ། སོ་སོར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་རྒན་གསོ་ཞབས་ཞུ་དང་བྱིས་པའི་ཕན་བདེ་ཁྲུའུ་དང་།  ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཅུའུ་ཀྲང་ཡིང་པིན་དང་། ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་གླིང་གི་ཡོན་ཀྲང་ནོར་བུ་དབང་འདུས། ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་དམིགས་བསལ་དཀའ་ངལ་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཡོན་ཀྲང་བསོད་ནམས་མཚོ་མོ། མངའ་རིས་ས་ཁུལ་གྱི་དམིགས་བསལ་དཀའ་ངལ་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཡོན་ཀྲང་འཇའ་དཔལ། ཆུ་གསུམ་རྫོང་གི་དམིགས་བསལ་དཀའ་ངལ་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་སྤེན་པ་སྒྲོལ་མ་བཅས་ཡིན།

ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་རྒན་གསོ་ཞབས་ཞུ་དང་བྱིས་པའི་ཕན་བདེ་ཁྲུའུ་ཡིས་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཏང་ཙུའུ་ཡི་མགོ་ཁྲིད་འོག བོད་ལྗོངས་ཀྱི་རྒན་གསོ་ཞབས་ཞུའི་དོན་དངོས་ལ་དམིགས་ནས་ལས་དོན་ཧུར་ཐག་སྒྲུབ་པ་དང་རང་འགུལ་ངང་འགན་འཁྲི་ཁག་ཁུར་བྱས་ནས། ལྗོངས་ཡོངས་ཀྱི་རྒན་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དང་། མངོན་གསལ་གྱི་ལས་དོན་ཕན་འབྲས་བླངས་ཡོད། རང་སྐྱོང་ལྗོངས་དམངས་སྲིད་ཐིང་རྒན་གསོ་ཞབས་ཞུ་དང་བྱིས་པའི་ཕན་བདེ་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་ཞའོ་རོང་གིས་ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་སྔ་རྗེས་སུ་དམིགས་བསལ་དཀའ་ངལ་མི་སྣ་གཅིག་སྡུད་བསྙེན་བཀུར་ལས་དོན་སྔར་བས་ལེགས་པོར་སྒྲུབ་པ་དང་། རྒན་གསོ་ཞབས་ཞུའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བ། རྒན་གསོ་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བྱེད་ཐབས་འགའ་ཤས་སོགས་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་དཔར་འགྲེམ་བྱས་ཏེ། ལྗོངས་ཡོངས་ཀྱི་རྒན་གསོ་ཞབས་ཞུའི་ལས་དོན་ལ་སྤྱི་འདོམས་དང་འཆར་འགོད་ལེགས་པོ་བྱས་པ་རེད། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་དང་ནོར་སྲིད་ཐིང་། འཕྲལ་བསྟུན་དོ་དམ་ཐིང་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། གྲོང་གསེབ་ཀྱི་གཞིས་སྡོད་རྒན་རྒོན་གྱི་ཐུགས་ཁུར་ཞབས་ཞུར་ཤུགས་སྣོན་སྣོན་དང་། རྒན་གསོ་སྒྲིག་གཞིིའི་ལྟ་སྐུལ་དོ་དམ་ལ་སྐུལ་འདེད་སོགས་ཀྱི་སྲིད་ཇུས་དཔར་འགྲེམ་བྱས་ཤིང་། སྡེ་ཁག་སོ་སོའི་འགན་འཁྲི་ཆེ་རུ་བཏང་ནས་ཐུན་མོང་ཐོག་དམ་འཛིན་དང་དོ་དམ་གྱི་རྣམ་པ་ཆགས་ཡོད། གཞན་ཡང་། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་མཉམ་འབྲེལ་བྱས་ནས་རྒན་གསོ་ཞབས་ཞུའི་ཁ་གསབ་ལམ་ལུགས་བཏོན་ཏེ། ཁ་གསབ་བྱ་ཡུལ་དང་ཁ་གསབ་ཚད་གཞི། མ་དངུལ་གྱི་ཐབས་ལམ་སོགས་ཁ་གསལ་བྱས་ཤིང་། ལོ་རེར་མ་དངུལ་སྒོར་དུང་ཕྱུར2བཏང་བ་དང་རྒན་གསོ་ཞབས་ཞུ་བྱ་ཡུལ་མི་ཁྲི6ལྷག་ལ་ཕན་བཏེགས། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ད་དུང་ཁྱིམ་སྡོད་དང་སྡེ་ཁུལ་རྒན་གསོ་ཞབས་ཞུ་ལག་བསྟར་ཇུས་གཞི་དང་། སྡེ་ཁུལ་གྱི་རྒན་རྒོན་ལྟ་སྐྱོང་ལྟེ་གནས་གཉེར་སྐྱོང་གི་དོ་དམ་བྱེད་ཐབས། ཞིང་གྲོང་བདེ་སྐྱིད་གླིང་འཛུགས་སྐྲུན་དོ་དམ་གྱི་མཛུབ་སྟོན་བསམ་འཆར་སོགས་སྲིད་ཇུས་ཡིག་ཆ་བཏོན་ནས། རྒན་གསོ་ཞབས་ཞུའི་ལས་དོན་ཁ་གསལ་དང་ཚད་ལྡན་ཅན་དུ་བཏང་བ་རེད། གསར་དུ་བཏོན་པའི་སྲིད་ཇུས་དང་ལམ་ལུགས་ཀྱིས་བོད་ལྗོངས་ཀྱི་རྒན་གསོ་ཞབས་ཞུའི“ཀ་བཞི་གདུང་བརྒྱད”བསྐྲུན་ནས། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རྒན་གསོ་ཞབས་ཞུའི་སྲིད་ཇུས་སྒྲོམ་གཞི་མ་ལག་ཆགས་ཡོད། 

དབྱང་ཞའོ་རོང་གིས་ངོ་སྤྲོད་བྱས་པ་ལྟར་ན། རྒན་གསོ་ཞབས་ཞུའི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། ཉེ་བའི་ལོ་འགའི་རིང་། ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར30ཙམ་བཏང་ནས་དམིགས་བསལ་དཀའ་ངལ་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས80བསྐྲུན་པ་དང་། རྫོང་རེར་དམིགས་བསལ་དཀའ་ངལ་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་གཅིག་རེ་ཡོད་པའི་དམིགས་ཚད་རྒྱལ་ཡོངས་སུ་སྔོན་ལ་མངོན་འགྱུར་བྱུང་བ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3.38བཏང་ནས་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས61བསྐྲུན་པ། རང་སྐྱོང་ལྗོངས་ཀྱི་ཁྱིམ་སྡོད་དང་སྡེ་ཁུལ་རྒན་གསོ་ཞབས་ཞུར་རྨང་གཞི་བརྟན་པོ་གཏོང་ཆེད། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.32བཏང་ནས་དམིགས་བསལ་དཀའ་ངལ་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས28རྒྱས་སྐྲུན་དང་ཞིག་གསོ་བསྒྱུར་བཀོད་བྱས་པ། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར1.02བཏང་ནས་ཞིང་གྲོང་བདེ་སྐྱིད་གླིང34བསྐྲུན་པ་དང་། ཞིང་གྲོང་གི་སྤེལ་རེས་རྣམ་པའི་རྒན་གསོ་ཞབས་ཞུར་དངོས་པོའི་རྨང་གཞི་འདོན་སྤྲོད་བྱས་ཡོད། མ་དངུལ་རབ་དང་རིམ་པ་བཏང་བ་བརྒྱུད་བོད་ལྗོངས་ཀྱི་རྒན་གསོ་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད།

གཞན་ཡང་། བོད་ལྗོངས་ཀྱི་མི་འབོར་ལོ་ལོན་ཅན་གྱི་འཕེལ་རྒྱས་འགྲོ་ཕྱོགས་ལ་སྔ་མོ་ནས་ཁ་གཏད་གཅོག་པ་དང་། ཁྱིམ་སྡོད་དང་སྡེ་ཁུལ་རྒན་གསོ་ཞབས་ཞུའིི་བཅོས་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། བོད་ལྗོངས་ཀྱིས་རིགས་ཁག་གི་ཚོད་ལྟའི་ས་ཚིགས་ཀྱི་གྲོན་དངུལ་སྒོར་དུང་ཕྱུར1.3བཏང་སྟེ། སྔ་རྗེས་སུ་ནག་ཆུ་གྲོང་ཁྱེར་དུ་རྒན་རྒོན་སྨན་གསོ་ཁམས་གསོ་ཟུང་འབྲེལ་གྱི་ཞབས་ཞུ་ཚོད་ལྟའི་ལས་དོན་སྤེལ་བ་དང་། ལྷ་ས་གྲོང་ཁྱེར་དུ་ཁྱིམ་སྡོད་དང་སྡེ་ཁུལ་རྒན་གསོ་ཞབས་ཞུའི་ཚོད་ལྟའི་ལས་དོན་སྤེལ་བ་རེད། 2021ལོར་ནག་ཆུ་གྲོང་ཁྱེར་དུ་ལྗོངས་ཡོངས་ཀྱི་རྒན་གསོ་ཞབས་ཞུར་སྐུལ་འདེད་དང་སྨན་གསོ་དང་ཁམས་གསོ་ཟུང་འབྲེལ་གྱི་ལས་དོན་ཚོགས་འདུ་བསྡུས་ཏེ། ནག་ཆུ་དང་ལྷ་ས་ཡི་ཚོད་ལྟའི་ས་ཚིགས་ཀྱི་ཉམས་མྱོང་ཁྱབ་གདལ་ད་བཏང་ནས། ལྗོངས་ཡོངས་ཀྱི་ཁྱིམ་སྡོད་དང་སྡེ་ཁུལ་རྒན་གསོ་ཞབས་ཞུའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས། རྒན་གསོ་ཞབས་ཞུའིི་སྒྲིག་གཞི་འཛུགས་སྐྲུན་ཚད་ལྡན་ཅན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་གྱི་ཚོད་ལྟའི་ས་ཚིགས་ཀྱི་རྨང་གཞིའི་ཐོག རྒན་གསོ་སྒྲིག་གཞིའི་བདག་སྐྱོང་ཞབས་ཞུའི་ཚད་གཞི་དང་མི་སྣ་དོ་དམ་གྱི་ཚད་གཞི། འཕྲལ་བསྟུན་དོ་དམ་གྱི་ཚད་གཞི། ཟས་རིགས་བདེ་འཇགས་ཀྱི་ཚད་གཞི་སོགས་བོད་རང་སྐྱོང་ལྗོངས་ཀྱི་རྒན་གསོ་སྒྲིག་གཞིའི་ས་གནས་ཚད་གཞི18སྒྲིག་བཟོ་བྱས་ནས་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།