ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཆབ་མདོ་གྲོང་ཁྱེར་གྱིས་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ་དང“ལས་ཞུགས་ཀྱི་མིང་བྱང”བཏོད་དེ་ལས་ཞུགས་བརྟན་པོ་ཡོང་བའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དེ་སྔོན་ང་ལྷ་སའི་བརྡ་ཆ་ཀུང་སི་ཞིག་ཏུ་ལས་ཀ་བྱེད་ཀྱི་ཡོད་པས། ཁྱིམ་དུ་ལོག་ནས་ཕ་མ་གཉིས་ལ་ལྟ་བར་འགྲོ་བའི་ཁོམ་པ་མེད། ད་ཆ་ང་ཁྱིམ་དང་ཐག་ཉེ་སར་ལས་ཀ་བྱེད་ཐུབ་སྟབས། ཁྱིམ་དུ་ལོག་བདེ་བ་དང་ཕ་མར་ཡང་ལྟ་རྟོག་བྱེད་ཐུབ་པས། ནང་མི་ཚང་མས་ངའི་ད་ལྟའི་ལས་ཀར་བློ་ཡིད་ཚིམ་པོ་བྱེད་ཀྱི་འདུག”ཅེས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ནག་ལྕོག་ཤང་སྤ་སྨད་གྲོང་ཚོའི་གྲོང་མི་རིན་ཆེན་ཆོས་འཕེལ་གྱིས་དགའ་སྤྲོའི་ངང་གསར་འགོད་པར་བཤད།

ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ལས་ཞུགས་སྔོན་ལ་འཇོག་དགོས་པའི་འཐབ་ཇུས་ལག་བསྟར་བྱེད་དགོས། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལ་ཤུགས་སྣོན་རྒྱག་པ་དང་ལས་ཞུགས་སྐུལ་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས། ལས་ཞུགས་ནི་དམངས་འཚོའི་རྩ་བ་ཡིན་ཞིང་། སྣེ་གཅིག་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་སྦྲེལ་ཡོད་པ་དང་། སྣེ་གཅིག་དཔལ་འབྱོར་གྱི་སྤྱི་ཡོངས་དང་སྦྲེལ་ཡོད་ཅེས་བཏོན་ཡོད། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། ལས་ཞུགས་ཀྱི་སྤྱི་ཡོངས་ལ་དམིགས་པ་དང་ལས་ཞུགས་ཀྱི་འཕེལ་ཕྱོགས་བརྟན་པོ་ཡོང་བ་བྱས་པ་མ་ཟད། ལས་ཞུགས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་། ངལ་རྩོལ་ནུས་ཤུགས་ཀྱི་ཁྱབ་ཁོངས་དེ་བས་ལུགས་མཐུན་ཡོང་བ། ངལ་རྩོལ་པའི་རྩལ་ནུས་སྤྱི་ཚོགས་ཀྱི་དགོས་མཁོ་དང་དེ་བས་འཚམ་པ། ལས་རིགས་གསར་པ་ཡར་ངོའི་ཟླ་ལྟར་འཕེལ་ཐུབ་པ་བཅས་བྱས་པར་བརྟེན་མང་ཚོགས་ལ་ལས་ཞུགས་གདམ་ག་བྱེད་པའི་བར་མཐོངས་དེ་བས་རྒྱ་ཆེར་ཕྱིན་ཡོད།

སྦྱངས་པའི་ཤེས་བྱར་བརྟེན་ནས་ཡུལ་མི་རྣམས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་རྒྱུ་ནི། ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གི་སློབ་ཆེན་སློབ་མ་བསོད་ནམས་ཚེ་རིང་གི་བསམ་འདུན་ཆེ་ཤོས་དེ་རེད།

2018ལོར་སློབ་ཆེན་ཐོན་རྗེས། བསོད་ནམས་ཚེ་རིང་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་བློ་ཐག་བཅད། “གཉིས་གཏོད”ཀྱི་ཤར་རླུང་ལ་བརྟེན་ནས་བསོད་ནམས་ཚེ་རིང་གིས་རང་སྐྱོང་ལྗོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མ་དངུལ་སྒོར་ཁྲི་10རེ་ཞུ་ཐུབ་པ་མ་ཟད། 2018ལོར་བོད་དུ་ཐོག་མ་ཡིན་པའི་གཉེན་སྒྲིག་རྟེན་འབྲེལ་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་ཐོ་འགོད་བྱས་པ་རེད། ལོ་འགའ་ཤས་རིང་འཕེལ་རྒྱས་བཏང་བ་བརྒྱུད། ད་ཆ་ཀུང་སི་ཐོག་མའི་མི་གཉིས་ནས་ད་ལྟའི་མི་བཅུ་ལྷག་ཙམ་བར་འཕེལ་རྒྱས་ཕྱིན་ཡོད།

མཐོ་སློབ་སློབ་ཐོན་སློབ་མ་དེ་བས་མང་བ་ཁྲོམ་རའི་ལས་ཞུགས་ཀྱི་རླབས་རྒྱུན་ཆེན་པོའི་ནང་ཞུགས་ཐུབ་པ་དང་ལས་གཏོད་གསར་གཏོད་བྱེད་པར་ལྕག་སྐུལ་བྱ་ཆེད། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཁྲོམ་རའི་ལས་ཞུགས་སྟོན་ཕྱོགས་མཐའ་འཁྱོངས་དང་། ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་བ། གཞི་ཁྱོན་ཆེན་པོས་ལས་རིགས་རྩལ་ནུས་གསོ་སྦྱོང་བཅས་བྱས་པ་མ་ཟད། ལས་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་ཐབས་ལམ་མང་པོར་བརྟེན་ནས་སྟབས་བསྟུན་ལས་ཞུགས་ལ་རྒྱབ་སྐྱོར་བྱས་པར་བརྟེན་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པའི་མི་གྲངས་དེ་2012ལོར་མི་1000ཡང་མ་ཟིན་པ་ནས་2022ལོར་མི་4695བར་མང་དུ་ཕྱིན་ཡོད་པ་རེད།

ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཆབ་མདོར་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཀྲུང་དབྱང་ཁེ་ལས་ཀྱི་ལས་གནས་དང་མ་དངུལ་གྱི་ལེགས་ཆར་བརྟེན་ནས་ཐེམ་ཁུངས་ཆབ་མདོ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་600ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་ཐུབ་པར་རོགས་རམ་བྱས་པ་རེད།

འདི་ལོའི་ཟླ་གཉིས་པར། ལོ་24ལ་སླེབས་པའི་སྨར་ཁམས་རྫོང་གི་གཞོན་ནུ་ཆོས་གྲུབ་ཀྱིས་ཕུགས་འདུན་བློ་ལ་འཆང་བཞིན་ཧྥུའུ་ཅན་ཞིང་ཆེན་ཕུའུ་ཀྲོའུ་གྲོང་ཁྱེར་ཐའེ་ཅང་ཆུས་ཁོར་ཡུག་འཕྲོད་བསྟེན་ལྟེ་གནས་སུ་ལས་ཀར་བསྐྱོད།

“ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ལས་དོན་མི་སྣས་ང་ལ་གནམ་གྲུའི་སྤ་སེ་ཉོ་རོགས་བྱས་པ་དང་ཧྥུའུ་ཀྲོའུ་གྲོང་ཁྱེར་ཐའེ་ཅང་ཆུས་ཁོར་ཡུག་འཕྲོད་བསྟེན་ལྟེ་གནས་ཀྱིས་ང་བསུ་མཁན་གྱི་རླངས་འཁོར་ཡང་བཏང་འདུག་པས། ངའི་སེམས་ཁྲལ་རྦད་དེ་བསལ་སོང་། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་དང་ཧྥུའུ་ཀྲོའུ་གྲོང་ཁྱེར་ཐའེ་ཅང་ཆུས་ཀྱི་ལས་དོན་མི་སྣར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཆོས་གྲུབ་ཀྱིས་ཧྥུའུ་ཀྲོའུ་རུ་ལས་ཀ་བྱེད་པར་བསྐྱོད་པའི་བརྒྱུད་རིམ་ཕྱིར་དྲན་བྱེད་བཞིན་བརྗོད།

གཞན་ཡང་། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ད་དུང་ངལ་ནུས་སྤུས་རྟགས་གཏོད་རྒྱུར་རྒྱུན་ཆད་མེད་པར་ཤུཌ་སྣོན་བརྒྱབ་པས་འཇོ་མདའ་སྤོ་ལོ་ཤིང་བརྐོས་པ་དང་ཁ་རུབ་ཐང་ག་བཞེངས་མཁན་སོགས་ས་ཁོངས་ཀྱི་ཁྱད་ཆོས་དང་། ལས་རིགས་ཀྱི་ཁྱད་ཆོས། རྩལ་ནུས་ཀྱི་ཁྱད་ཆོས་བཅས་ལྡན་པའི་ངལ་ནུས་སྤུས་རྟགས་ཁག་གཅིག་བཏོད་པས་མང་ཚོགས་རྣམས་ལས་ཞུགས་ལས་གཏོད་ཁྲོམ་རར་ལས་ཞུགས་བརྟན་པོ་ཐུབ་ཡོད།

“ངའི་པཱ་ལགས་ནི་ཐང་གའི་རྒྱུན་འཛིན་པ་ཞིག་ཡིན། དགེ་ཕྲུག་ལྔ་བརྒྱ་ལྷག་ཙམ་གསོ་སྐྱོང་བྱས་ཡོད། ངའི་ཨ་མ་ལགས་ནི་སྤོ་ལོ་ཤིང་བརྐོས་ཀྱི་མི་རབས་གསུམ་པའི་རྒྱུན་འཛིན་པའི་བུ་མོ་རེད། ཆུང་དུས་ནས་ཐང་ག་དང་ཤིང་བརྐོས་སྒྱུ་རྩལ་རིག་གནས་ཀྱི་ཤུགས་རྐྱེན་འོག་ང་ཡང་ཕ་ཡུལ་གྱི་སྲོལ་རྒྱུན་རིག་གནས་ལ་ཧ་ཅང་དགའ་པོ་ཡོད”ཅེས་འཇོ་མདའ་རྫོང་གི་བསོད་ནམས་བཀྲ་ཤིས་ཀྱིས་བརྗོད།

2019ལོའི་ཟླ་ལྔ་པར་འཇོ་མདའ་རྫོང་མི་སྤྱི་ཅུས་ཀྱི་རོགས་རམ་འོག་བསོད་ནམས་བཀྲ་ཤིས་ཀྱིས་བོད་ལྗོངས་བོན་པའི་རིག་གནས་ཁྱབ་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས་གཙོ་བོ་རིག་གནས་ཇུས་འགོད་དང་། མཛེས་རྩལ་ཇུས་འགོད། ཐང་ག་ཇུས་འགོད། སྡོད་ཁང་མཛེས་བཟོ་སོགས་བྱེད་ཀྱི་ཡོད། “ད་ཆ་ངས་བོད་བཟོའི་སྔས་མགོ་དང་། བོད་བཟོའི་ཕོར་པ། བོད་བཟོའི་སྒོ་ཡོལ། བོད་བཟོའི་འགེལ་རུམ་སོགས་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་དང་ཇུས་འགོད་བྱེད་ཀྱི་ཡོད། ཀུང་སིའི་འབྱུང་འགྱུར་ཐད་ང་ལ་ཡིད་ཆེས་ཀྱིས་ཁེངས་ཡོད”ཅེས་བསོད་ནམས་བཀྲ་ཤིས་ཀྱིས་བརྗོད།

ལས་ཞུགས་ཐུབ་པས་མི་སེར་ཚོ་བདེ་སྐྱིད་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད། ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུང་པིན་གྱིས། ཉེ་བའི་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་ཞི་ལྷོད་དུ་བཏང་བ་དང་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ“དྲ་ཐོག་དང་དྲ་ཕྱིའི”གདན་ཞུའི་སྦྲེལ་མཐུད་ལས་སྟེགས་ཤིག་བཏོད་པས། གྲོང་ཁྱེར་ཡོངས་ཀྱི་ལས་ཞུགས་སྤྱི་འབོར་དང་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་ཆ་སྙོམས་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་གྲངས་ལོ་རེར་ཆ་སྙོམས་མི་5000ཡན་རྒྱུན་འཁྱོངས་ཐུབ་པ། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མའི་ལས་ཞུགས་གཞན་སྒྱུར་བྱེད་ཚད་ལོ་རེར་ཆ་སྙོམས་མི་ཁྲི་12ཟིན་པ་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་ཅེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།