ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་རྫོང་དང་ཆུས་བཞི་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཆེད་དམིགས་བྱ་དགའ་ཐོབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས20ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་གསལ་ལྟར་ན། ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་གླེང་སྟེགས་ཀྱི་ལོ་ཚོགས་ཚེས19ཉིན་ནན་ཁྲེང་དུ་བསྡུས། ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་སྐོར་དྲུག་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་དང“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་ལག་ལེན་གསར་གཏོད་རྟེན་གཞིའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དང་། ཉིང་ཁྲི་གྲོང་ཁྱེར་སྤོ་མེས་རྫོང་། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བཅས་ལ་རྒྱལ་ཁབ་ཀྱི“སྐོར་དྲུག་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ”གྱི་མིང་བཏགས་པ་དང་། ཉིང་ཁྲིི་གྲོང་ཁྱེར་བྲག་ཡིབ་ཆུས་ལ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ།

གཞན་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ལ“སྐབས་གསུམ་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་བྱ་དགའ”ཡི་སྔོན་ཐོན་ཚོགས་པའི་བྱ་དགའ་ཐོབ། མངའ་རིས་ས་ཁུལ་སྒར་རྩེ་རྫོང་ནགས་ལས་རྩྭ་ཐང་ཅུའུ་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཉིའུ་གད་ཞོད་དོ་དམ་ས་ཚིགས་ཀྱི་ཚེ་བརྟན་ཁྱུང་འབྲུག་དང་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དགོན་སྟོད་གྲོང་རྡལ་ཨུ་ལྷན་གྱི་ལྷག་སྒྲོན་གཉིས་ལ“སྐབས་གསུམ་པའི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་བྱ་དགའ”ཡི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་ཡོད། 

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་ཕྱོགས་ཡོངས་སུ་བསྐྲུན་པ་དང་། ས་ཁོངས་ཡོངས་སུ་མཐུན་སྦྱོར་མཉམ་ལས། དམངས་ཡོངས་ཟབ་ཞུགས་བཅས་ཀྱི་སྒྲིག་གཞི་རགས་ཙམ་ཆགས་ཡོད། མིག་སྔའི་བར། བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ལྔ་དང་རྫོང་དང་ཆུས་དགུ་ལ“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ”གྱི་མཚན་སྙན་ཐོབ་ཡོད་པ་དང་། རྫོང་དང་གྲོང་ཚོ་གསུམ་ལ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན”པའི་ལག་ལེན་གསར་གཏོད་རྟེན་གཞིའི་མཚན་སྙན་ཐོབ་ཡོད། 

རྗེས་མར། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་གྱི་འཐབ་ཇུས་ནུས་ཤུགས་རྒྱུན་འཁྱོངས་དང་། ས་གནས་སུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་བཏོད་པའི་ལས་དོན་ལ་མཛུབ་སྟོན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་དང་སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་འབད་བརྩོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།