ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་སའི་ལྷོ་བྱང་རི་བོར་ཤིང་འཛུགས་ནགས་བཟོ་རྒྱུན་མཐུད་བྱས་ནས་རི་རྒོད་སྔོ་ལྗང་གོས་ཀྱིས་བརྒྱན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་གུང་གི་ལྷ་སར་ཉི་འོད་རབ་ཏུ་འཕྲོ་ཞིང་། ལྷོ་རིའི་སྤྱི་གླིང་དུ་སྔོ་ལྗང་ལྗོན་ཤིང་ཚར་དུ་དངར། མི་རྣམས་སོས་དལ་བག་ཕེབས་ངང་དལ་གྱིས་སྐྱོད་པའམ་ཡང་ན་པར་ཆས་ཁྱེར་ནས་ཁ་སྤྲོད་ཀྱི་ཕོ་བྲང་པོ་ཏ་ལ་པར་ལེན་བཞིན་མཆིས།

“ལོ་བཅུའི་གོང་ལ་འདི་ག་ནིསྐྱ་ཐེར་ཐེར་ཞིག་རེད་ཟེར་ན་སུས་ཡིད་ཆེས་སམ”ཞེས་གསར་འགོད་པ་དང་མཉམ་དུ་འགྲོ་མཁན་བོད་རང་སྐྱོང་ལྗོངས་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧུའུ་ཀྲི་ཀོང་གིས་བཤད་པ་དང་། ཁོང་གིས“ད་ཆ་ཁྱེད་ཀྱིས་མཐོང་བའི་ལྕང་སྡོང་ནི་ང་ཚོའི་ཡུལ་འདི་གའི་མི་རྣམས་ཀྱིས་བཙུགས་པ་ཤ་སྟག་རེད”ཅེས་བཤད།

གངས་ལྗོངས་ས་མཐོར་ལྗོན་ཤིང་སྐྱེ་བར་ཤིན་ཏུ་དཀའ་ལ། ལྷ་སའི་གྲོང་བསྐོར་བའི་ལྷོ་བྱང་རི་བོར་ལོ་ཧྲིལ་པོ་རྩི་ཤིང་མི་སྐྱེ།

སྒེའུ་ཁུང་ནས་སྔོ་ལྗང་གི་ཁོར་ཡུག་མཐོང་བའི་ལོ་ཟླར་མི་དགའ་མཁན་ཞིག་ཡོད་དམ། ལྷ་སའི་གྲོང་མིའི“ལྗོན་ཤིང་གང་སར་བཙུགས་ནས་རི་ཀླུང་གོས་ཀྱིས་རྒྱན”པའི་བསམ་འདུན་ཤུགས་ཆེར་འགྲོ་བཞིན་ཡོད་ལ་ལག་ལེན་དུའང་འགྱུར་བཞིན་ཡོད།

2012ལོར། ས་བབ་མཐོ་བའི་ཤིང་འཛུགས་ནགས་བཟོའི་ཚོད་ལྟ་ལྷོ་རིར་འགོ་ཚུགས་པ་དང་། 2015ལོར“སྔོ་ལྗང་གིས་བསྐོར་བའི་གྲོང”གི་འདུ་འགོད་རིམ་བཞིན་སྤེལ་ལ། 2018ལོར་ལྷོ་རི་དང་རྒྱང་གིས་ཆོད་པའི་བྱང་རིར་ཡང་སྔོ་འགྱུར་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད།

“ལྷོ་རིའི་ཤིང་འཛུགས་ལམ་ལྷོངས་བྱུང་ནས་རི་རྒོད་ལ་སྔོ་ལྗང་གོས་ཀྱིས་བཀླུབས་པ་དང་ས་བབ་མཐོ་ཚད་སྨི་3900ཡན་གྱི་སྐམ་ཤས་ཆེ་བའི་ས་ཁུལ་དུ་མི་ཐབས་ལ་བརྟེན་ནས་ནགས་བཟོ་བྱེད་དཀའ་བར་ཚད་བརྒལ་བྱུང་ཞིང་། ལག་རྩལ་དང་ཉམས་མྱོང་བསགས་པས་ང་ཚོའི་གདེང་ཚོད་ཆེས་ཆེར་འཕེལ་བྱུང” ཧུའུ་ཀྲི་ཀོང་གིས། ལོ་10ཡི་རིང་ནགས་ལས་སྡེ་ཚན་གྱིས་ས་མཐོའི་རྒྱ་ལྕང་དང་། ཐང་ཤིང་། གསོམ་ཤིང་སོགས་འདེབས་འཛུགས་ལ་འཚམ་པའི་ཤིང་རིགས་30ལྷག་ཙམ་བདམས་པ་མ་ཟད། རི་ཁུལ་གྱི་ནགས་བཟོའི་ཁོར་ཡུག་སྙོམས་སྒྲིག་དང་གྲང་འགོག་ཤིང་རིགས་འདེམས་སྒྲུག་སོགས་ཀྱི་ཐད་ཀྱང་ཚན་ཞིབ་ཚད་བརྒལ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

2021ལོར། བོད་ཀྱི་ལོ་རྒྱུས་ཐོག་གི་ཤིང་འཛུགས་ནགས་བཟོའི་འདུ་འགོད་ཆེ་ཤོས་ཏེ། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་དངོས་སུ་ལག་བསྟར་བྱེད་འགོ་ཚུཌ་པ་རེད། སྤྱིའི་འཆར་འགོད་ལ་གཞིགས་ན། 2030ལོར་སླེབས་སྐབས་ལྷ་སའི་སྐྱིད་ཆུའི་རྒྱུད་ཀྱི་རྫོང(ཆུས)9དང་། ཤང་དང་གྲོང་རྡལ(ཁྲོམ་གཞུང)35རུ་ནགས་བཟོའི་རྒྱ་ཁྱོན་མུའུ་ཁྲི་206.72ཟིན་རྒྱུ་ཡིན་པ་རེད།

ཧུའུ་ཀྲི་ཀོང་གིས“ལོ་5ཡི་རིང་རི་བོ་སྔོ་ལྗང་དུ་འགྱུར་བ་དང་ལོ་10ཡི་རིང་ལྷ་སར་སྔོ་ལྗང་གིས་ཁྱབ་པའི་དམིགས་ཚད་ཆེད་ལྷ་ས་ཕྱོགས་ཡོངས་ཀྱིས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་སེམས་འགུལ་ཐེབས་བཞིན་བཤད།

ཕྱི་དྲོར་ང་ཚོ་བྱང་རིའི་ཤིང་འཛུགས་བྱ་ཡུལ་དུ་སླེབས་སྐབས་ཁོང་གི་གཏམ་དེ་ཁ་བཤད་ལྦུ་བ་མིན་པ་ཤེས།

བྲག་རྡོའི་གསེབ་ཏུ་འབད་འཐབ་བྱེད་བཞིན་པའི“ཤིང་འཛུགས་དཔུང་ཆེན”གྱིས་ཁེངས་ལ། ས་དོང་འདྲུ་བ་དང་། སྡོང་ཕྲུག་འཛུགས་པ། ས་རྒྱོང་བ། ཆུ་རྒྱག་བ་སོགས་སྔོ་ལྗང་གི་རེ་བའི་ས་བོན་དེ་དག་ཁོང་ཚོའི་འབད་འཐབ་ལ་བརྟེན་ནས་ས་གཞི་ཆེན་པོར་རྩ་བ་ཚུགས། ཁོང་ཚོའི་ཁྲོད་དུ་གླ་པ་དང་ཚན་པའི་ལས་བྱེད་ལས་བཟོ་ཡོད་ལ། “སྔོ་ལྗང་ཁྱིམ་གཞིས་སྐྲུན་མཁན”གྱི་དང་བླངས་པའང་མི་ཉུང་བ་ཡོད།

མི་ཚོགས་ཀྱི་རྒྱབ་ཏུ་དྲེལ་མང་པོར་སྡོང་ཕྲུག་དང་ཡོ་ཆས་བཀལ་ཏེ་དྲིལ་བུའི་སིལ་སྒྲ་དང་འགྲོགས་ནས་རི་འགོར་སྐྱོད་བཞིན་འདུག

“འདི་ནི་ང་ཚོའི་དམིགས་བསལ་ལས་དོན་རུ་ཁག་དྲེལ་པ་རེད། རི་མཐོ་ལ་གཡང་གཟར་བ་དང་རླངས་འཁོར་སྐྱོད་མི་ཐུབ་པའི་ལམ་བུར་དྲེལ་ལ་བརྟེན་ནས་དངོས་ཟོག་རི་འགོར་དབོར་གྱི་ཡོད”ཅེས་ཧུའུ་ཀྲི་ཀོང་གིས་ངོ་སྤྲོད་བྱས་པ་རེད།

“ནགས་ཤིང་ལ་བསྟུན་ནས་ཆུ་གཏོང་བ་དང་། གློག་ལ་བརྟེན་ནས་ཆུ་འདྲེན་པ” ས་མཐོར་ཤིང་འཛུགས་པར། ཆུ་གློག་མཁོ་འདོན་བྱེད་རྒྱུ་ནི་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་དཀའ་གནད་ཅིག་རེད།

རི་རྒོད་ལ་ཆུ་འདྲེན་པར་ས་ངོས་ཀྱི་ཆུ་ཁོ་ནར་བརྟེན་ན་མི་འདང་བས་ད་དུང་ས་འོག་གི་ཆུ་འདྲེན་དགོས། སྟག་རྩེ་ཆུས་པད་ནག་ཡུག་ཁུལ་གྱི་རིམ་པ་དང་པོའི་ཕུམ་འཐེན་ས་ཚིགས་ཀྱི་ཨར་སྐྲུན་ལས་ཡུལ་དུ་ང་ཚོས་རྐོ་འདྲུ་འཕྲུལ་འཁོར་འགའ་ཞིག་གིས་སྔོ་འགྱུར་ཆུ་འཐེན་གྱི་ལྷན་སྦྱར་ལས་གྲྭ་སྐྲུན་བཞིན་ཡོད་པ་དང་། རྔ་ཆེན་རི་བོའི་ཡུག་ཁུལ་དང་པོར་བཟོ་པ་ཚོས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གློག་མཁོ་འདོན་འགན་ལེན་གྱི་ལས་འགན་སྔ་སྣུར་དུ་ལེགས་སྒྲུབ་བྱས་ཏེ་སྡོང་ཕྲུག་ལ་ཆུ་གཏོང་བར་གློག་ཤུགས་འདང་ངེས་མཁོ་འདོན་བྱེད་བཞིན་པ་མཐོང་བྱུང་།

རི་ཀླུང་ཀུན་སྔོ་ལྗང་གིས་ཁེངས་པའི་མིག་མདུན་གྱི་མཛེས་ལྗོངས་ལ་ལྟ་བཞིན་སྡོང་ཕྲུག་བཙུགས་མ་ཐག་པའི་གྲོང་མི་ལྷ་མོས་རྔུལ་ཆུ་འཕྱིད་ཞོར“ལྷ་སའི་ཁོར་ཡུག་གང་སར་སྔོ་ལྗང་གིས་ཁེངས་བཞིན་པ་མཐོང་སྐབས་སེམས་པ་ཧ་ཅང་སྐྱིད་པོ་འདུག ཁོར་ཡུག་འདི་འདྲ་ཞིག་ཏུ་འཚོ་བ་སྐྱེལ་རྒྱུ་བྱུང་ན་བདེ་སྐྱིད་ཆེན་པོ་རེད”ཅེས་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་བཤད།

“ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་ཚང་མ་ལེགས་གྲུབ་ཟིན་རྗེས་ལྷ་སར་དཔྱིད་ཀར་མེ་ཏོག་ཡོད་པ་དང་། དབྱར་ཁར་བསིལ་གྲིབ་ལྡན་པ། སྟོན་ཁར་མཛེས་ལྗོངས་ཡོད་པ། དགུན་ཁར་སྔོ་ལྗང་ཡོད་པ་ཞིག་ཏུ་གྱུར་ནས་ལྷོ་རིའི་སྤྱི་གླིང་600མང་དུ་ཕྱིན་པ་ལྟ་བུར་འགྱུར་ངེས་རེད”ཅེས་ཧུའུ་ཀྲི་ཀོང་གིས་གདེང་ཚོད་ཆེན་པོས་བཤད།

དགའ་སྤྲོ་དང་རེ་བས་ཁེངས་པའི་དགོད་སྒྲ་སྔོ་ལྗང་ནགས་ཤིང་གསེབ་ནས་ལྷང་ལྷང་གྲགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།