ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དུ་རིམས་ནད་འགོག་སྡོམ་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་20ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་ཁྲོམ་གཞུང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྒྲུབ་ཚུལ་ལ་མུ་མཐུད་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་བ་རེད། ཁོང་གིས་ལྷོད་གཡེང་གི་བསམ་བློ་དང་དམག་འཁྲུག་ལ་སུན་སྣང་སྐྱེ་བའི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་དང་། ཨམ་གཙིགས་བསྡམས་པ་དང་ངར་ཤུགས་གཅིག་ཏུ་སྒྲིམས་ཏེ་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་དང་སེམས་ཐག་གཙང་བཅད་ཀྱི་རྣམ་འགྱུར་ཐོག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དམག་འཐབ་དྲག་པོ་འདི་ལས་རྣམ་པར་རྒྱལ་ཐུབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

བློ་བཟང་རྒྱལ་མཚན་གྱིས་ས་ཆ་དངོས་སུ་མཁོ་སྤྲོད་འགན་ལེན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནང་སྟེ་ཀརྨ་དགོན་གསར་ཁྲོམ་གཞུང་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ཁག་ལག་བསྟར་ནན་པོ་བྱེད་པ་དང་། སྒུག་རྟེན་མི་བྱེད་པ། རང་ངོས་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་གང་ལེགས་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་གསར་གཏོད་རང་བཞིན་ཐོག་ནས་ཐག་གཅོད་བྱེད་པ། གོ་རིམ་ལྡན་པའི་ངང་འཚོ་བའི་མཁོ་ཆས་དང་། སྔོ་ཚལ། སོལ་རླངས། མོག་མོག་སོགས་མཁོ་སྤྲོད་འགན་ལེན་བྱ་ཡུལ་སྒྲིག་འཛུགས་བྱེད་པ་བཅས་ཀྱི་སྒོ་ནས་མཁོ་སྤྲོད་འགན་ལེན་གྱི“མཐའ་མའི་གནད་དོན”ཐག་གཅོད་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད། ཀརྨ་དགོན་གསར་སྡེ་ཁུལ་དང་རྔ་ཆེན་ལམ་གྱི་བྱང་ངོས་སྡེ་ཁུལ་དུ་དང་བླངས་པས་འབྲས་དང་འབྲུ་སྣུམ་སོགས་ཀྱི་དངོས་ཟོག་གོ་རིམ་ལྡན་པའི་ངང་བགོ་བཤའ་རྒྱག་བཞིན་ཡོད། “ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་ཞབས་འདེགས་ཞུ་མཁན་རིམས་འགོག་ལས་དོན་མི་སྣ་དང་དང་བླངས་པ་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”དངོས་ཟོག་འབྱོར་རྗེས། མང་ཚོགས་ཀྱིས་རང་འགུལ་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཏན་འབེབས་ལ་བརྩི་སྲུང་ཞུས་ནས་སེམས་ནུས་གཅིག་སྒྲིལ་དང་དུས་ངལ་མཉམ་སེལ་གྱིས་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ལས་ཀའི་འཆར་ཅན་ཚོགས་འདུའི་ཐོག བློ་བཟང་རྒྱལ་མཚན་གྱིས། མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་འགག་སྒྲོལ་རྩ་གཏོར་གྱི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་ཡོད། སྡེ་ཁུལ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་འཐབ་ཕྱོགས་དང་པོ་ཡིན་པས་བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་བ་དང་། འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་ཟམ་མི་ཆད་པར་བརྟན་དུ་དང་རྒྱ་སྐྱེད་དུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་བཅས་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།