ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གྲོང་ཁྱེར་དང་ས་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-09-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གྲོང་ཁྱེར་དང་ས་ཁུལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་པ་རེད།

ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ལྷ་ས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་བོད་སྨན་རིག་གནས་ཁང་གི་སྒྲོམ་ཚང་སྨན་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ནས་སྒྲོམ་ཚང་སྨན་ཁང་གི་དོ་དམ་ཚོད་འཛིན་དང་། ལོགས་བཀར། སྐྱོབ་བཅོས། བརྒྱུད་འདྲེན་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་ས་ཚིགས་སུ་བཅའ་སྡོད་བཀོད་འདོམས་པུའུ་དང་སྒྲོམ་ཚང་སྨན་ཁང་གི་འགན་འཁུར་བར་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྐོར་གྱི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་བཀོད་སྒྲིག་ལ་ནན་པོར་གཞིགས་ནས་ཡིད་ཆེས་བརྟན་དུ་གཏོང་བ་དང་། སྒྲོམ་ཚང་སྨན་ཁང་གི་སྤྱི་ཡོངས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་ཤུགས་སྣོན། བརྒྱུད་རིམ་སྔར་བས་ཚད་ལྡན་དུ་གཏོང་བ། ཉིང་སྐྱུར་མ་དཔེ་འཚོལ་བསྡུ་དང་། བསྡུ་སྐྱེལ། བརྟག་དཔྱད། སྙན་ཞུ་སོགས་ཀྱི་ལྷུ་ཚིགས་སྦྲེལ་མཐུད་གང་ལེགས་ཡོང་བ་བྱེད་པ། སྒྲོམ་ཚང་སྨན་ཁང་ནས་དོན་པ་དང་སྐྱེལ་འདྲེན་སྟོབས་ཤུགས་ལ་ཤུགས་སྣོན་བཅས་བྱས་ཏེ་འཁོར་རྒྱུག་ལས་ཕྱོད་ཆེ་རུ་བཏང་ནས་ལྷ་སའི་བཀག་སྡོམ་ཚོད་འཛིན་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་གྱི་གཙང་བཟོའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཡོང་བར་རམ་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་ཀྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་སྡེ་ཁུལ་དྲ་མིག་དང་། ཉིང་ཁྲི་གྲོང་རྡལ། བོད་ལྗོངས་ཞིང་འབྲོག་སློབ་གླིང་སོགས་སུ་ཕེབས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ཉིང་ཁྲི་གྲོང་ཁྱེར་ལ“ཕྱི་ནས་མ་འགོ་བ་དང་ནང་དུ་མི་ཁྱབ་པའི”སྤྱིའི་ཐབས་ཇུས་དང“སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ད་ཡོད་ཀྱི་དྲ་མིག་ཅན་གྱི་དོ་དམ་བྱེད་ཐབས་ལ་བརྟེན་པ། དོན་དངོས་ལ་གཞི་ཚུགས་ནས“ཁུལ་རེར་ཇུས་གཞི་རེ་དང་གནས་རེར་ཇུས་གཞི་རེ་འདོན་པའི”ལས་དོན་ནན་ཏན་དང་ཞིབ་ཚགས་ངང་སྒྲུབ་པ། བཀག་སྡོམ་ཚོད་འཛིན་བྱེད་མཚམས་འཇོག་པར་བརྟན་པོའི་ངང་སྐུལ་འདེད་གཏོང་བ། གོ་རིམ་ལྡན་པའི་ངང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་ཐུབ་པ་བཅས་བྱེད་དགོས། དེ་དང་དུས་མཚུངས། སེམས་ནུས་ཡོད་རྒུ་བཏོན་ཏེ་མང་ཚོགས་ལ་ཞབས་འདེགས་ཡག་པོ་ཞུ་བ་དང་རིམས་འགོག་གི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།