ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་འཕར་གཞིར་སྐུལ་ཁྲིད་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་ཀྱི་ཤུགས་རྐྱེན་འོག་བོད་ལྗོངས་ཀྱི་ལས་རིགས་ཚང་མར་རྡབ་རྡེག་གང་ཙམ་ཕོག་ཡོད། འཛད་སྤྱོད་ཀྱི་གདེང་ཚོད་ཆེ་རུ་བཏང་ནས་གྲོང་མིའི་འཛད་སྤྱོད་ཀྱི་འདུན་པ་དང་ཉོ་སྒྲུབ་ཀྱི་ནུས་པར་སྔར་བས་སྐུལ་འདེད་གཏོང་ཆེད། བོད་ལྗོངས་ཀྱིས་དམངས་ཕན་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ་དང་། འཛད་སྤྱོད་ཆེ་རིགས་གསར་པ་སྔོག་འདོན་བྱེད་པ། ལས་རྣམ་གསར་པ་འཕེལ་རྒྱས་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱ་ཐབས་སྣ་ཚོགས་སྤྱད་དེ། འཛད་སྤྱོད་ཁྲོམ་རའི་གསོན་ཤུགས་ཟམ་མི་ཆད་པར་རྒྱས་པ་བྱས་ནས་དཔལ་འབྱོར་འཕར་གཞིར་སྐུལ་ཁྲིད་བྱས་པ་རེད།

གཟིགས་སྐྱོང་འཛིན་ཤོག་ཆུང་ཆུང་ལས་འཛད་སྤྱོད་གདེང་ཚོད་རབ་ཏུ་འཕེལ།

གྲོང་མི་སྐུ་ཞབས་ལི་ལགས་ཀྱིས་རླངས་འཁོར་ལ་སྣུམ་ཨང་95རྡག་རྡག་བླུགས་རྗེས། བློ་ཡིད་ཚིམས་པོས“ཉིན་ཤས་གོང་ང་ལ་སྒོར་400ཡི་གཟིགས་སྐྱོང་འཛིན་ཤོག་རག་བྱུང་། ཉེ་ཆར་སྣུམ་རིན་མཐོ་པོ་འདུག ད་ཆ་གཟིགས་སྐྱོང་འཛིན་ཤོག་སྤྱད་ན་སྒོར་60གྲོན་ཆུང་ཐུབ་ཀྱི་འདུག སྲིད་གཞུང་གིས་བྱེད་སྒོ་དེ་འདྲ་སྤེལ་བས་ང་ཚོ་མི་སེར་ལ་ཕན་པ་དངོས་ཐོབ་བྱུང”ཞེས་བཤད་པ་རེད།

འདི་ལོ་ནས་བཟུང་ལྗོངས་ཡོངས་ཀྱི་རིམ་ཁག་ཚོང་དོན་སྡེ་ཚན་གྱིས་འཛད་སྤྱོད་བརྟན་གཏོང་དང་མཉམ་སྒུལ་ཕྱོགས་མཐུན་ལ་ཤུགས་རྒྱག་རྒྱུར་དམིཌ་ནས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། ཕྱོགས་བསྡུས་ཐོག་སྲིད་ཇུས་ལག་བསྟར་བྱས་ཏེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་པ། ལྗོངས་ཡོངས་ཀྱི་འཛད་སྤྱོད་སླར་གསོ་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཁོར་རྒྱུག་ལ་འཛད་སྤྱོད་ཀྱི་སྣེ་ཁྲིད་ནུས་པ་བཏོན་པ་རེད།

བསྡོམས་རྩིས་ལ་གཞིགས་ན། ལོ་སྟོད་དུ་རང་ལྗོངས་ཀྱི་རིམ་ཁག་ཚོང་དོན་སྡེ་ཚན་གྱིས་རིམ་རྩིས་བྱས་ན་སྒོར་ཁྲི་5410.7བཏང་ནས་བཟའ་བཏུང་དང་། ཁྱིམ་སྤྱོད་གློག་ཆས། སྒོ་རྩིས་ཚོང་ཁང་། བརྒྱ་ཟོག་ཁྲོམ་ར། བཅོས་སྣུམ་སོགས་རིགས་ཁག་གི་འཛད་སྤྱོད་འཛིན་ཤོག་ཁྲི་223.6སྤྲད་པས་འཛད་སྤྱོད་སྒོར་ཁྲི་18262.8ལ་སྐུལ་ཁྲིད་ཐུབ་ཡོད།

མཚན་མོའི་དཔལ་འབྱོར་ལས་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བ།

ས་རུབ་པ་དང་བསྟུན་ནས་ཕྱོགས་བཞིའི་གློག་སྒྲོན་རྣམས་ཀྱང་ཇེ་གསལ་དུ་གྱུར། ཉིན་མོ་ལྷིང་ཞིང་འཇགས་པའི་ཁྲོམ་གཞུང་དག་རིམ་པས་འཁྲུག་ཆ་དོད་དུ་སོང་།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཤུཌ་ཆེན་གཏོང་བ་དང་། མཚན་མོའི་སྤྱི་པའི་ཞབས་ཞུ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། མཚན་མོའི་དཔལ་འབྱོར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་དང་ཟུང་འབྲེལ་བྱེད་པ་བཅས་བྱས་ཏེ། ཞིམ་ཟས་དང་། ཉོ་སྒྲུབ། རིག་རྩལ། ཨར་ཁང་། ལྟ་སྐོར་སོགས་ཞབས་ཞུའི་ལས་རྣམ་གཞི་གཅིག་ཏུ་འདུས་པའི་མཚན་མོའི་འཛད་སྤྱོད་ཁྲོམ་ར་བཏོད་ནས། མཚན་མོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་གྲོང་ཁྱེར་གྱི་གསོན་ཤུགས་འཕེལ་བར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་དང་། སྒོ་རྩིས་ཚོང་ཁང་ཆེ་གྲས། མཚན་ཁྲོམ་སོགས་ནས་མཚན་མོའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཧུར་ཐག་སྤེལ་རྒྱུར་སྐུལ་ལྕག་བྱས་ཏེ། མཚན་མོའི་འཛད་སྤྱོད་བྱེད་སྟངས་མང་དུ་གཏོང་བ་དང་མཚན་མོའི་དཔལ་འབྱོར་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། བོད་ལྗོངས་འགྲེམས་ཚོགས་དང་ལྗོངས་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས། ཁེ་ལས་སྒྲིག་འཛུགས་ཀྱིས་ཉོ་སྒྲུབ་བྱེད་སྟངས་གསར་པ་དང་། ཞིམ་ཟས་རོ་མྱོང་། རིག་གནས་ཉམས་ལེན་སོགས་རྣམ་པ་མང་ལ་ཁྱད་ཆོས་ལྡན་པའི་གསར་གཏོད་རྣམ་པའི་འཛད་སྤྱོད་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ། གྲོང་ཁྱེར་གྱི་ཚོང་ལས་འཛད་སྤྱོད་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས་མཚན་མོའི་འཛད་སྤྱོད་བྱ་ཡུལ་ལས་བྱུང་བའི་སྟབས་བདེ་དང་ཡིད་དབང་འཕྲོག་ཤུགས་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་རེད།

གསར་དར་ལས་རྣམ་ལས་འཛད་སྤྱོད་མང་དུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

བོད་ཀྱི“ཞིང་གསུམ”ཐད་གཏོང་བ་ཨ་ཅག་དབང་མོའི་ཐད་གཏོང་ཁང་གི་ཟོག་སྒྲོམ་དུ་སྔོ་ཚལ་དང་། བོད་སྒོང་། མར་སོགས་ཞིང་ཁུལ་གྱི་ཁྱད་ལྡན་ཐོན་རྫས་མང་པོ་བསྒྲིགས་ཡོད་པ་དང་། ཐད་གཏོང་བ་ཨ་ཅག་དབང་མོས་ཐད་གཏོང་བྱེད་ཀྱིན་ཚོང་ཟོག་འཚོང་བ་དང་ཆབས་ཅིག དྲ་གྲོགས་ལ་ལྷ་སའི་དམངས་སྲོལ་རིག་གནས་ངོ་སྤྲོད་བྱེད་ཀྱི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་4པ་ནས་ཟླ་6པའི་ཟླ་སྟོད་བར“ཨ་ཅག་དབང་མོས”སྟག་རྩེ་ཆུས་སྙེ་མའི་ཞིང་ལས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་སྔོ་ཚལ་ཏུན་28ཙམ་འཚོང་རོགས་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་གོ་སྐབས་དམ་འཛིན་དང་ཐོན་ཁུངས་སྤྱི་འདོམས་བྱས་ནས་ས་གནས་དེ་གའི་ཁེ་ལས་ལ་བྲིན་ཚོང་ཐབས་ལམ་ཧུར་ཐག་བཏོད་དེ“དྲ་སྦྲེལ+ཞིང་ལས”ཀྱི་གཉེར་སྐྱོང་རྣམ་པ་ཟམ་མི་ཆད་པར་ཁྱབ་གདལ་བཏང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། རྣམ་པ་གསར་པ་བཅས་སྐྱེད་སྲིང་བྱས་པས་གྲོང་གསེབ་ཀྱི་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ས་གནས་དེ་གའི་དྲ་དམངས་ཀྱི་ཐད་གཏོང་ལས་སྟེགས་མང་པོ་དང་མཉམ་དུ་འགོ་ཁྲིད་ལས་བྱེད་པས་དྲ་ཐོག་ནས་ཞིང་ལས་ཐོན་རྫས་འཚོང་རོགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད“དྲ་ཐོག+དྲ་ཕྱི”གཞི་གཅིག་ཅན་གྱི་ཚོང་གཉེར་བྱེད་སྟངས་བཏོད་པ་རེད། གཞན་ཡང་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་གཞོན་ནུ་ལས་ཞུགས་ཐུབ་ཆེད། དྲ་ཐོག་ཚོང་དོན་གསོ་སྦྱོང་ཧུར་ཐག་བྱས་པ་དང་། དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་རྒྱུར་སྐུལ་ལྕག་བྱས་ཏེ། དྲ་ཐོག་ཚོང་དོན་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།