ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཡན་ཅིན་ཧའེ་ཡིས་ཉིང་ཁྲིར“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་ཞིབ་བཤེར་བརྟག་ཞིབ་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”ཀྱི་བྱ་ཐབས་སྤྱད་དེ་ཉིང་ཁྲི་གྲོང་ཁྱེར་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ། དམངས་འཚོའི་ལས་དོན་སོགས་ལ་བརྟག་ཞིབ་གནང་བ་རེད།

ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་ལྟེ་བའི་འཕྲོད་བསྟེན་ཁང་དུ་ཡན་ཅིན་ཧའེ་ཡིས་སྨན་དོན་མི་སྣ་དང་ཕན་ཚུན་སྤེལ་རེས་གནང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་མཁྲེགས་ཆས་འཛུགས་སྐྲུན། ནད་ཡམས་བརྟག་དཔྱད་དང་སྨན་བཅོས། སྨན་དོན་མི་སྣ་བཀོད་སྒྲིག སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་འདོན་སྤེལ་སོགས་ཐད་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

ཡན་ཅིན་ཧའེ་ཡིས་གཞི་རིམ་གྱི་འཕྲོད་བསྟེན་ཁང་ནི་མང་ཚོགས་ཉེ་འགྲམ་གྱི་གཞི་རིམ་སྨན་བཅོས་ཞབས་ཞུའི་སྒྲིག་གཞི་ཞིག་ཡིན་པས་མང་ཚོགས་དང་བར་ཐག་ཉེ་ཤོས་དང་འབྲེལ་བ་དམ་ཤོས་ཡོད་པ་ཞིག་རེད། ནན་པོ་གཙོ་བོར་བཟུང་ནས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ཐད་རིག་པ་ལྕགས་སྐུད་བཞིན་དུ་བསྒྲིམས་ནས་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བའི་སྒོ་ནས་མཐའ་འཁྱོངས་བྱེད་པ་དང“ལྷོད་གཡེང་དང་ངལ་གསོ་བའི”སྒྱིད་ལུག་གི་བསམ་བློ་གཏན་འགོག་མཐའ་གཅིག་ཏུ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཕྲ་བྱེད་དགོས། སྨན་ཁང་གི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག་མང་ཚོགས་ཀྱི་རྒྱུན་གཏན་གྱི་སྨན་པ་བསྟེན་པའི་དགོས་མཁོར་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས་ད་ཡོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་ལ་དོ་སྣང་བྱེད་པ་དང་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་ཆུ་ཚད་མཐོ་རུ་བཏང་ནས་གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

དེ་རྗེས་ཡན་ཅིན་ཧའེ་སྦེ་པ་གྲོང་རྡལ་གསེར་གུང་གྲོང་ཚོར་ཕེབས་ནས་ཡུལ་མི་ཚོས་འབྲུ་རིགས་སྐེམ་བཞིན་ཡོད་པ་གཟིགས་སྐབས་ཁོང་གིས་རང་འགུལ་ངང་མང་ཚོགས་ཁྲོད་དུ་ཕེབས་པ་དང་ཡུལ་མི་ཚོས་སྤྲོ་སེམས་འཁོལ་པོས་ཡན་ཅིན་ཧའེ་ཁྱིམ་དུ་གདན་དྲངས་པ་རེད། པད་མ་ཆོས་འཛོམས་ཀྱི་ཁྱིམ་དུ་ཕེབས་རྗེས་ཡན་ཅིན་ཧའེ་ཡིས་ཁང་པའི་ཕྱི་ནང་ཚང་མར་གཟིགས་པ་དང་འབྲེལ་ཚང་མ་དང་ཅི་འཕྲོས་མོལ་འཕྲོས་གནང་ནས་ས་གནས་ས་ཐོག་ཏུ་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་བསལ་གནང་བ་རེད། ཁོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དེ་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་ཡོད་པས་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། རིམས་འགོག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་མང་ཚོགས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་རིམས་འགོག་གི་སྲུང་བཅད་བརྟན་དུ་གཏོང་དགོས། ཕན་འབྲས་ཆེ་བའི་སྒོ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་སྤྱི་འདོམས་བྱས་ཏེ་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།