ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་བརྩམས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

པར་འདི་ནི་གསར་འགྱུར་ཡོངས་བསྒྲགས་ཡུལ་དངོས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས2ཉིན་འཚོགས་པའི“ཀྲུང་གོའི་ལོ་བཅུའི་རིང་གི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན། བོད་རང་སྐྱོང་ལྗོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པས། དཔལ་འབྱོར་འཕེལ་ཤུགས་ཆེན་པོ་མངོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སྔར་ལས་བརྟན་པོ་བཙུགས་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་ཡིན་པ། མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་འཆམ་མཐུན་ལྷིང་འཇགས་བཅས་མངོན་འགྱུར་བྱུང་ལ། བོད་ལྗོངས་ཀྱི་བུ་ཕྲུག་ཁྲི364ཡིས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་དེ་འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་བཞིན་ཡོད།

བོད་རང་སྐྱོང་ལྗོངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་དུ་བྱེད་པའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ལྗོངས་སུ་རྟོག་ཞིབ་གནང་བར་ཕེབས་ཏེ་བོད་ལྗོངས་ཀྱི་ལས་དོན་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་གཏན་འཁེལ་གནང་སྟེ་དུས་རབས་གསར་པའི་བོད་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་བཤད།

ཝང་ཅུན་ཀྲེང་གིས། བོད་ལྗོངས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་མཐའ་འཁྱོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གཏོད་པར་སྐུལ་འདེད་མགྱོགས་པོ་བཏང་ནས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར2012ལོའི་སྒོར་དུང་ཕྱུར710ནས2021ལོའི་སྒོར་དུང་ཕྱུར2080བར་འཕར་ནས་ལོ་རེར་ཆ་སྙོམས་ཀྱིས9.5%འཕར་བ་དང་། དྭངས་གཙང་ནུས་རྒྱུ་དང་། མཐོ་གསར་གྲངས་འཛིན། རིག་གནས་ཡུལ་སྐོར་སོགས་ཀྱི“ཐོན་ལས་ཆེན་པོ་བདུན”ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལོ་བཅུ་ཡི་ནང་བོད་ལྗོངས་ཀྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་ཁྲི62.8ཚང་མ་དབུལ་ཐར་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ2ཙམ་འཕར་ནས་སྒོར16935ཟིན་ལ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ1.5འཕར་ནས་སྒོར46503བར་ཟིན་ཡོད། ལོ་བཅོ་ལྔའི་གཞུང་གྲོན་བཏང་བའི་སློབ་གསོ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། མཐོ་སློབ་མཐར་ཕྱིན་སློབ་མ་ལས་ཞུགས་ཐུབ་ཚད95%ཙམ་རྒྱུན་འཁྱོངས་བྱས་ཤིང་། སློབ་གསོ་དང་སྨན་བཅོས་ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བས། མི་རེའི་སྔོན་དཔག་ཚེ་ཚད་ལོ72.19བར་མཐོ་རུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

བོད་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་ཁུལ་གཏོད་རྒྱུར་སྐུལ་འདེད་མགྱོགས་པོ་བཏང་པ། ལོ་བཅུ་ཡི་ནང་བོད་ལྗོངས་ཀྱིས་མི་རིགས་མཐུན་སྒྲིལ་འགན་ལེན་དང《བོད་རང་སྐྱོང་ལྗོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་གཏོད་པའི་སྲོལ་ཡིག》བཏོན་ཞིང་ལག་བསྟར་བྱས་ཏེ། མི་རིགས་མཐུན་སྒྲིལ་ལས་དོན་གྱི་གསར་གཏོད་དང་འགན་ལེན་མ་ལག་རྒྱུན་ཆད་མེད་པར་བཙུགས་པ་དང་། རྒྱལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར189ཐོན་པ། ལྷ་ས་སོགས་ས་ཁུལ་དང་གྲོང་ཁྱེར5རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ས་ཁུལ་དང་གྲོང་ཁྱེར་དུ་གཏོད་ཡོད།

ལོ་བཅུ་ཡི་རིང་བོད་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་བྱས་ཏེ། ལྗོངས་ཡོངས་ཀྱི50.6%གི་ས་ཁོངས་སྲུང་སྐྱོང་ཁྱབ་ཁོངས་ནན་ཤོས་སུ་བཅུག་པས། ད་ལྟ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ11ཡོད་པ་དེར་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད47%ཡན་ཟིན་པ་དང་། ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཉིན་གྲངས99%ཡན་ཟིན་ལ། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ་དང་ཆབས་ཅིག་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་ཕན་འབྲས་གསར་པ་ཐོན་པ་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ624ཕྱོགས་ཡོངས་ནས་བསྐྲུན་ཏེ་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་ཆུ་ཚད་བཅས་མངོན་གསལ་གྱིས་མཐོ་རུ་ཕྱིན་ཡོད།

“ལོ་བཅུ་ཡི་ནང་བོད་ལྗོངས་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མཐའ་སྲུང་སྲ་བརྟན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཡིན”ཞེས་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་དེ་ལྟར་བཤད། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ལངས་ནས་བོད་ལྗོངས་ཀྱིས་དམིགས་ཚད་ལས་འགན་གསར་པར་དམིགས་ཏེ་མཛེས་སྡུག་ལྡན་ཞིང་བདེ་སྐྱིད་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུ་དང་རླབས་ཆེའི་བསྐྱར་དར་གྱི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་རྒྱུ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་ཡོངས་བསྒྲགས་ཚོགས་འདུའི་ཐོག“སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཡོད། ཡོངས་བསྒྲགས་ཚོགས་འདུའི་ཐོག་སྨྱན་སྦྱོར་གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱིས“གསར་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ལ་སྐུལ་འདེད་གཏོང་བའི་ལས་དོན་འཕེལ་རིམ་དང་། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། སློབ་གསོ་དང་སྨན་བཅོས་བྱ་གཞག་འཕེལ་རྒྱས། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། སྤྱོད་ཚུལ་ལེགས་གཏོང་ལ་དམ་འཛིན་ནན་པོ་དང་དོན་འཁྱོལ་ལས་དོན་ལ་སྐུལ་འདེད་སོགས་ཀྱི་ཐད་ནས་དྲི་བ་བཏོན་ཡོད། ཝང་ཅུན་ཀྲེང་དང་ཡན་ཅིན་ཧའེ་ཡིས་ཞིབ་གསལ་གྱི་གཞི་གྲངས་དང་གསོན་ཉམས་ལྡན་པའི་དཔེ་མཚོན་གྱི་སྒོ་ནས་མཉམ་དུ་ལན་བཏབ་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་གྱི་བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ཐོབ་པའི་མངོན་གསལ་གྱི་གྲུབ་འབྲས་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མུ་མཐུད་དུ་འབད་འཐབ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཕྱོགས་ཡོངས་ནས་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།