ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་དང་པུའུ་རིམ་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་དང་ལས་བྱེད་པ་གཙོ་བོའི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ”ཞེས་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་འབྲེལ་བའི་རིགས་པའི་གཞུང་ལུགས་གལ་ཆེན་རབ་དང་རིམ་པ་དང་ལག་ལེན་གྱི་གནད་དོན་རྒྱས་བཤད་གཏིང་ཟབ་བྱས་ཡོད་པས། བོད་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།

ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཆ་ཚང་ནང་མར་ཁེ་སི་རིང་ལུགས་ཀྱི་དགོངས་པའི་འོད་ཟེར་འཕྲོས་ནས། དེར་ཆབ་སྲིད་རང་བཞིན་དང་། རིགས་པའི་གཞུང་ལུགས་ཀྱི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་པ་དེས་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཡག་པོ་འཚོག་རྒྱུར་ཆབ་སྲིད་ཀྱི་རྨང་གཞི་དང་། བསམ་བློའི་རྨང་གཞི། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཅས་བཏིང་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་མར་ཁེ་སི་རིང་ལུགས་སློབ་ཁྲིད་ཞིབ་འཇུག་པུའི་ཀྲུའུ་རེན་གཞོན་པ་དགེ་རྒན་ཆེ་མོ་བ་གཞོན་པ་ཤང་ལུང་ཧྥེ་ཡིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱེད་པའི་འགག་རྩ་ནི་བྱ་སྤྱོད་ཐོག་དོན་འཁྱོལ་དང་རང་ཉིད་ཀྱི་ཆེད་ལས་ལེགས་ཆ་འདོན་སྤེལ་བྱས་ཏེ། སྔོན་ལ་སྦྱོང་བ་དང་གཏིང་ཟབ་སྦྱངས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་ཞིབ་འཇུག འགྲེལ་བཤད་ཤུགས་ཆེན་བརྒྱབ་སྟེ། ཀྲུང་ཧྭའི་རིག་གནས་ཁྲོད་མར་ཁེ་སི་རིང་ལུགས་འཕེལ་རྒྱས་འགྲོ་བར་བྱས་ནས། རླབས་ཆེན་གྱི་ལག་ལེན་གསར་པར་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གནས་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས”ཞེས་བརྗོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་བྱས་རྗེས་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་མི་རིགས་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དབྱིན་ཧའེ་ཡན་གྱིས་མྱོང་ཚོར་ཟབ་མོས། “མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་ལས་དོན་པ་ཞིག་གི་ངོས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་ལྟ་བའི་བྱེད་ཐབས་མཐའ་འཁྱོངས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཡང་དག་པའི་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ལྟ་བ་དང་། མི་རིགས་ལྟ་བ། ལོ་རྒྱུས་ལྟ་བ། རིག་གནས་ལྟ་བ། ཆོས་ལུགས་ལྟ་བ་འཛུགས་པ་བཅས་བྱས་ནས། མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ཀྱི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན”ཞེས་བརྗོད་པ་རེད།

གཞིས་རྩེ་གྲོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྐལ་བཟང་སྒྲོལ་མས། གཞིས་རྩེ་གྲོང་ཁྱེར་ཡོངས་ཀྱི་དྲིལ་བསྒྲགས་དང་བསམ་བློའི་འཐབ་ཕྱོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩི་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དམངས་ཡོངས་ཀྱི་དྲིལ་བསྒྲགས་སློབ་གསོ་དང“འདུ་ཤེས་གསུམ”གྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོ་སོགས་དང་ཟུང་འབྲེལ་བྱས་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ“གཏན་འཁེལ་གཉིས”ཟོལ་མེད་སྲུང་སྐྱོང་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་མཉམ་དུ་བསྐྲུན་རྒྱུ་དང་ཀྲུང་ཧྭའི་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།