ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

དྭངས་གཙང་ཆུ་མོ་ལྷུང་ལྷུང་བཞུར། སྐྱེ་ཁམས་བཟང་བའི་རྨང་གཞི་བརྟན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— སྣང་རྫོང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་སྐོར་བཀོད་པ།

ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་ནས་བཟུང་། སྣང་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་བཙུགས་ནས། “ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས་ཡོང་བ། མ་ལག་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་འདོན་པའི”ཆུ་བཅོས་སྐྱོང་གི་བསམ་ཕྱོགས་ལག་ལེན་ཧུར་ཐག་བསྟར་ཏེ། ཆུ་བོ་དང་མཚོ་བཅོས་སྐྱོང་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཆུ་བོ་དང་མཚོའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ། ཆུ་བོ་དང་མཚོ་སྐྱོན་བྲལ་གྱི་ཚེ་སྲོག་སྲུང་སྐྱོང་བཅས་བྱ་རྒྱུ་ལས་ཀའི་དམིགས་ཚད་དུ་བྱས་ནས་འགན་འཁྲི་ཁ་གསལ་དང་། མཐུན་སྦྱོར་གོ་རིམ་ལྡན་པ། ལྟ་སྐུལ་ནན་པོ། ས་ཁོངས་མཐུན་སྦྱོར། སྲུང་སྐྱོང་ནུས་ལྡན་བཅས་ཀྱི་སྤྱིའི་བླང་བྱ་ལྟར་ཆུ་བོ་དང་མཚོའི“གང་བྱུང་བཞི་གཙང་སེལ”གྱི་རྒྱུན་རྣམ་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རི་ཆུ་ནགས་གསུམ་དང་། ཞིང་ཁ། མཚོ། རྩྭ་ར། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་བཅོས་སྐྱོང་ལག་ལེན་བསྟར་བར་ཕན་འབྲས་བཟང་པོ་ཐོན་ཡོད།

“དོ་དམ་སྒྲིག་གཞི་འཛུགས་པ་དང་། ལས་དོན་གྱི་དམིགས་ཚད་ཁ་གསལ་བཟོ་བ། དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ། དོ་དམ་གྱི་དཔྱད་ཞིབ་ནན་དུ་གཏོང་བའི”བླང་བྱ་ལྟར་སྣང་རྫོང་གིས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་པ་གསུམ་གྱི་ཆུ་དཔོན་དང་མཚོ་དཔོན་ནང་དོན་གཙོ་བོར་བྱས་པའི་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་སྒྲིག་འཛུགས་མ་ལག་དང་འགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ། རྫོང་ཁོངས་ཀྱི་ཆུ་བོ་24དང་མཚོ་4ལ་ཞིབ་ཕྲའི་འགན་འཁུར་མཁན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་ལས་དོན་ལ་དམ་འཛིན་བྱེད་མཁན་ཡོད་པ་དང་། དོན་འཁྱོལ་ཐུབ་པ། ཕན་འབྲས་ཐོན་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད། སྣང་རྫོང་གིས་ལོ་ལྟར་སྤྱི་ཁྱབ་ཆུ་དཔོན་གྱི་ཚོགས་འདུ་དང་ཆུ་བེད་ཀྱི་ལས་དོན་ཚོགས་འདུ་འཚོགས་ནས་ཆུ་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་ལས་དོན་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བཀོད་སྒྲིག་བྱས་ཏེ། “ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བླང་བྱ་དང་རྫོང་རིམ་པའི་འགོ་ཁྲིད་དང་། ཤང(གྲོང་རྡལ)ཁག་གི་ཏང་ཨུད་ཚན་ཁག་གི་ཁོངས་མིའི་ཆུ་བོ་དང་མཚོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཤིང་། སྣང་རྫོང་གི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་མཐོང་ཆེན་པོ་བྱས་ནས་2018ལོ་ནས་བཟུང་ལོ་ལྟར་ཆེད་སྤྱོད་གྲོན་དངུལ་སྒོར་ཁྲི་100གཏོང་གི་ཡོད།

ཆུ་བོ་དང་མཚོ་བཅོས་སྐྱོང་བྱེད་པར་གནད་འགག་ཆུ་བོ་དང་རྩ་བ་ཆུ་ངོགས་ལ་ཐུག་ཡོད། “རི་ཆུ་ནགས་ཞིང་དང་། མཚོ་རྩྭ་བྱེ་འཁྱགས་བཅས་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཡིན་པའི”འདུ་ཤེས་མི་སེམས་ལ་ཟབ་མོ་ཟུག་པས། ཉེ་བའི་ལོ་ཤས་རིང་། སྣང་རྫོང་གིས་མ་ལག་བཅོས་སྐྱོང་དང་ཕྱོགས་བསྡུས་ཇུས་འདོན་མཐའ་འཁྱོངས་བ་བྱས་ཏེ་ཆུ་བོ་དང་མཚོའི་རྣམ་པ་མུ་མཐུད་ཡག་ཏུ་བཏང་བ་རེད།

སྣང་རྫོང་གིས་ལས་ཀ་བྱེད་སྟངས་གསར་གཏོད་དང“ཆུ་དཔོན་མཚོ་དཔོན་དང་། ཅན་ཁྲ་ཀྲང་། ཉེན་རྟོག་དཔོན”བཅས་ཟུང་དུ་འབྲེལ་བའི་མཐུན་སྦྱོར་གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་རྫོང་སྒྲོལ་བའི་ཆུ་བོར་མཉམ་འགོག་མཉམ་སྡོམ་དང་མཉམ་བཅོས་བྱས་ཏེ། ཆུ་བོའི་སྐོར་གཡེང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཞིང་། 2021ལོར་སྣང་རྫོང་གིས་ཆུ་བོར་སྐོར་གཡེང་གི་APPམ་ལག་སྤྱོད་འགོ་བཙུགས་ནས་ཆུ་བོར་སྐོར་གཡེང་བྱ་རྒྱུ་རིག་ནུས་ཅན་མངོན་འགྱུར་ཐུབ་སྟེ་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་པ་མ་ཟད། སྣང་རྫོང་གི་རྫོང་རིམ་པའི་ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་བོར་སྐོར་གཡེང་རྒྱག་པའི་དྲན་སྐུལ་ཡི་གེ་བཟོས་ནས་གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་བོར་སྐོར་གཡེང་རྒྱག་དགོས་པའི་གཏན་འབེབས་ཀྱང་བཟོས་ཡོད། 2021ལོར་རྫོང་རིམ་པའི་ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་བོར་སྐོར་གཡེང་ཐེངས་104དང་། ཤང་རིམ་པའི་ཆུ་དཔོན་དང་མཚོ་དཔོན་གྱིས་ཆུ་བོར་སྐོར་གཡེང་ཐེངས་528བརྒྱབ་ཡོད།

གྲངས་གཞིས་ནུས་འདོན་དང“རིག་ནུས”ཀྱིས་རྒྱབ་སྐྱོར་ལས་ཆུ་བོ་བཅོས་སྐྱོང་བྱ་རྒྱུ་དེ“རིག་ནུས”ལ་བརྟེན་ནས་བཅོས་སྐྱོང་བྱེད་པར་བསྒྱུར་ཡོད། སྣང་རྫོང་གིས་སྲུང་སྐར་རྒྱང་ཚོར་དང་གྲངས་གཞི་ཆེན་པོ་སོགས་ཀྱི་ལག་རྩལ་ལ་བརྟེན་ནས་ཆུ་བོ་དང་མཚོའི་དོ་དམ་དང་བདག་སྐྱོང་ལས་དོན་སྔར་བས་ཞིབ་ཚགས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། གང་བྱུང་བཟུང་བ་དང་། སྤུངས་པ། སྔོག་པ། འཛུགས་པ་བཅས་ཀྱི “གང་བྱུང་བཞིའི”གནད་དོན་བཅོས་སྒྲིག་བྱས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཞིང་། 2021ལོར་སྣང་རྫོང་གིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི”གནད་དོན་ལ་ཆེད་མངགས་བཅོས་སྒྲིག་ཐེངས་40ལྷག་ཙམ་བྱས་པ་དང་མི་ཐེངས་4000ལྷག་ཙམ་བཏང་ནས་གད་སྙིགས་ཏུན་50ལྷག་ཙམ་གཙང་སེལ་བྱས་ཡོད།

ཕ་ཡུལ་གྱི་ཆུ་བོ་དང་མཚོ་ཡིན་ནའང་འདྲ་ཡང་ན་རི་གསེབ་དང་ནགས་ཁྲོད་དུ་ལྷུང་ལྷུང་བཞུར་བའི་ཆུ་ཕྲན་གང་ཞིག་ཡིན་རུང་སྣང་རྫོང་གི་རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱིས་ལས་ཐོག་འགན་འཁྲི་གཙང་སྒྲུབ་དང་། ནུས་ཤུགས་ཡོད་རྒུས་ཆུ་བོ་བཅོས་སྐྱོང་། བྱ་བ་ཆུང་ཙག་ནས་འབད་བརྩོན་ཧུར་ཐག་བཅས་བྱེད་པ་ནི་དྭངས་གཙང་ཆུ་མོ་རི་གསེབ་དང་རྩྭ་གསེབ་ནས་ལྷུང་ལྷུང་དུ་བཞུར་བའི་ཆེད་དུ་རེད། ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་སྣང་རྫོང་དུ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དེས་ཆུ་བོ་དྭངས་གཙང་དང་། མཚོ་མོ་སྔོ་ཐིང་ཐིང་། ཆུ་ངོགས་སྔོ་ལྗང་ལྗང་དུ་གྱུར་པའི་མཛེས་ལྗོངས་ཤིག་སྐྱེ་བོའི་མིག་ལམ་དུ་བཤམས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།