ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་ཀྱིས་དམངས་ཀྱི་བློ་སྒོ་འབྱེད། ལོ་རྒྱུས་ཀྱིས་འབྱུང་འགྱུར་གསལ་བར་བྱེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་སྐོར་བཀོད་པ།

ལོ་5ཡི་རིང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭ་དང་གྲ་སྒྲིག་ལས་དོན་ཁག་སྤེལ་བ་བརྒྱུད། ཟླ་7ཚེས་8ཉིན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པ་དངོས་སུ་སྒོ་ཕྱེ་བ་རེད། འགྲེམས་ཁང་དེ་ནི་རང་ལྗོངས་ཀྱི་ཉར་ཚགས་དང་། འགྲེམས་སྟོན། ཞིབ་འཇུག སློབ་གསོ། ཞབས་འདེགས་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་དེང་རབས་ཅན་གྱི་ཕྱོགས་བསྡུས་རྟེན་རྫས་བཤམས་མཛོད་ཁང་འབའ་ཞིག་དེ་རེད། འགྲེམས་ཁང་གསར་པའི་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱ་ཆེད། གསར་འགོད་པས་དེར་བཅར་འདྲི་བྱེད་པར་ཡོང་ནས་ལོ་རྒྱུས་རིག་གནས་ཀྱི་ཉམས་འགྱུར་མྱོང་རོལ་བྱས་ཡོད།

འཛུགས་སྐྲུན་རྒྱ་ཁྱོན་ལྡབ་3ཙམ་རྒྱ་སྐྱེད་བཏང་བ།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་ཀོན་ཀྲང་མིག་དམར་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན། 2017ལོའི་ཟླ་10པར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.6བཏང་ནས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བ་རེད། རྣམ་གྲངས་དེའི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6.5ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་6.2ཙམ་ཟིན་པའི་ནང་ཉར་ཚགས་དངོས་པོ་དོ་དམ་ཁུལ་དང་། རིག་དངོས་ཞིབ་འཇུག་སྲུང་སྐྱོང་ཁུལ། བཤམས་སྟོན་ཁུལ། སྤྲོ་གསེང་ཞབས་ཞུ་ཁུལ་སོགས་ཚུད་ཡོད། ཉིན་རེར་མི་ཐེངས་7000ཙམ་ལ་སྣེ་ལེན་ཞུ་ཡི་ཡོད། འགྲེམས་ཁང་གསར་པའི་འཛུགས་སྐྲུན་རྒྱ་ཁྱོན་དེ་འགྲེམས་ཁང་རྙིང་པའི་རྒྱ་ཁྱོན་ལས་ལྡབ་3ཙམ་ཆེ་བ་ཡོད་པ་དང་ནུས་པ་དེ་བས་ཆ་ཚང་པོ་ཡོད།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་དངོས་པོ་ཁྲི་52ལྷག་ཙམ་ཡོད་པ་དང་། རྟེན་རྫས་བཤམས་མཛོད་ཁང་ནང་ཉར་ཚགས་བྱས་པའི་རིག་དངོས་ཀྱི་མ་ལག་ཆ་ཚང་པོ་ཡོད་པ་དང་། གནའ་དེང་གི་རིག་དངོས་ཚུད་པ་དང་། སྣ་ཁ་ཕུན་སུམ་ཚོགས་པ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོད་ཅིང་། གཙོ་བོ་གནའ་གཞུང་ཚད་ལྡན་ཡིག་ཆ་དང་། རྫ་ཆས་དང་གཡང་ཊིའི་ཐོན་རྫས། ཐང་གའི་སྐུ་བརྙན་སོགས་ཡོད་པའི་ནང་རྩ་ཆེའི་རིག་དངོས་ཁྲི་4ལྷག་ཙམ་ཡོད།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་ནང་གཞི་རྩའི་བཤམས་སྟོན“གངས་ལྗོངས་གླུ་དབྱངས། བོད་ཀྱི་ལོ་རྒྱུས་དང་རིག་གནས”དང“ཉི་མ་དང་ཐག་ཉེ་ཤོས་ཀྱི་མི། བོད་ཀྱི་དམངས་སྲོལ་རིག་གནས”དང་དེ་བཞིན་གྲ་སྒྲིག་བྱེད་བཞིན་པའི“གངས་ལྗོངས་ཀྱི་མཛད་རྗེས་ཆེ་མོ། བོད་ཀྱི་གསར་བརྗེའི་རིག་དངོས་འགྲེམས་སྟོན”སོགས་ཡོད།

ས་མཐོའི་དམངས་སྲོལ་རིག་གནས་མྱོང་རོལ་བྱེད་པ།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་ཐོག་སོ་དང་པོར་གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས“ཉི་མ་དང་ཐག་ཉེ་ཤོས་ཀྱི་མི། བོད་ཀྱི་དམངས་སྲོལ་རིག་གནས”ཀྱི་འགྲེམས་སྟོན་ལ་ལྟ་བཞིན་ཡོད། འགྲེམས་སྟོན་དེའི་ནང་འགྲེམས་རྫས་700ལྷག་ཙམ་ཡོད་པའི་ནང་རིག་དངོས་300ཙམ་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད། “བསམ་ཡུལ་ལས་འདས་པ་ཞིག་ལ་དེ་གར་རྩྭ་ཐང་ཐོག་གི་རྒྱུན་མཐོང་དངོས་པོ་འུར་རྡོ་མཐོང་རྒྱུ་འདུག”ཅེས་འབྲོག་ཁུལ་གྱི་འཚོ་བའི་མཁོ་ཆས་འགྲེམས་སྟོན་བྱ་ཡུལ་མདུན་དུ་གྲོང་མི་དབང་མོས་དགའ་སྤྲོའི་ངང་དེ་ལྟར་བཤད།

“ཉི་མ་དང་ཐག་ཉེ་ཤོས་ཀྱི་མི། བོད་ཀྱི་དམངས་སྲོལ་རིག་གནས”ཞེས་པའི་འགྲེམས་སྟོན་དེས་བོད་ཀྱི་ས་མཐོའི་མི་དམངས་ཀྱི་འཚོ་བའི་གོམས་གཤིས་དང་། ཐོན་སྐྱེད་གོམས་གཤིས། དུས་སྟོན་རིག་གནས། དེ་བཞིན་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་འཕེལ་རྒྱས་ཀྱི་འཕེལ་རིམ་དེ་གཞི་རྩའི་གྲུབ་ཆར་གྱུར་པ་གསལ་བཤད་གང་ལེཌ་བྱས་པ་དང་། རྨོ་འདེབས་དང་། སྐྱས་སྤོས་ཕྱུགས་འཚོ། རྔོན་རྒྱག་པ་སོགས་ཁྱད་ལྡན་འཚོ་གནས་བྱེད་སྟངས་དང་ཟས་གོས་འགྲོ་སྡོད་བཅས་དང་དེ་བཞིན་དེ་དང་འབྲེལ་བ་ཡོད་པའི་སྲོལ་རྒྱུན་གྱི་གོམས་སྲོལ་དེ་རམ་འདེགས་སུ་བྱེད་པ། དངོས་རྫས་བཤམས་སྟོན་དང་། རྣམ་པ་སླར་གསོ། བརྒྱུད་ལམ་སྣེ་མང་ཅན་མངོན་པ་སོགས་ཀྱི་ཐོག་ནས་བོད་ཀྱི་དམངས་སྲོལ་རིག་གནས་ཞིབ་འཇུག་གི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱེད་པ་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་སྲོལ་གོམས་གཤིས་གསལ་འགྲེལ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་མངོན་པར་བྱས་ཡོད།

མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལ་ཞིབ་པར་ལྟ་བ།

བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་གསར་པའི་ཐོག་སོ་གཉིས་པར་སྐྱོད་སྐབས“གངས་ལྗོངས་གླུ་དབྱངས། བོད་ཀྱི་ལོ་རྒྱུས་དང་རིག་གནས”ཞེས་པའི་འགྲེམས་སྟོན་བྱེད་བཞིན་ཡོད་པ་དང་འགྲེམས་རྫས་2000ཙམ་ཡོད་པའི་ནང་རིག་དངོས་300ལྷག་ཙམ་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད།

“གངས་ལྗོངས་གླུ་དབྱངས། བོད་ཀྱི་ལོ་རྒྱུས་དང་རིག་གནས”ཀྱི་འགྲེམས་སྟོན་ཁྲོད་རང་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་ཤིང་། ལོ་ཁྲི་ཕྲག་ཁ་ཤས་རིང་གི་བོད་ཀྱི་ས་གནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཚུད་པ་མ་ཟད། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཕྱོགས་མང་པོའང་ཚུད་ཡོད། དེ་ནི་བོད་ཀྱི་ས་གནས་ལོ་རྒྱུས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཕྱོགས་ཡོངས་ནས་སྦྲེལ་མཐུད་དང་། བརྒྱུད་རིམ་ལྡན་པའི་བར་བཅུག་བྱེད་པ། སྲུབས་མེད་འབྲེལ་མཐུད་བཅས་ཀྱི་བོད་ཀྱི་ལོ་རྒྱུས་ཧྲིལ་པོ་འགྲེམས་སྟོན་བྱེད་ཐེངས་དང་པོ་དེ་རེད། འགྲེམས་སྟོན་ཐོག་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་བོད་ཀྱི་མི་དམངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་བརྗོད་དོན་གཙོ་བོ་གཅིག་སྡུད་ཐོག་གསལ་སྟོན་བྱས་ཡོད།

“གངས་ལྗོངས་གླུ་དབྱངས། བོད་ཀྱི་ལོ་རྒྱུས་དང་རིག་གནས”ཀྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་ཀྱི་འགྲེམས་སྟོན་ནང་བོད་ཀྱི་ས་མཐོའི་སྔ་དུས་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་མཚོན་པའི་མཚོན་བྱེད་རང་བཞིན་གྱི་གནའ་ཤུལ་ཚུད་ཡོད་པ་དང་གནའ་ཤུལ་དེ་དག་ནས་རྙེད་པའི་ཤུལ་བཞག་འབོར་ཆེན་ཞིག་འགྲེམས་སྟོན་བྱས་ཡོད། དེའི་ནང་ནས་ཆབ་མདོའི་ཁ་རུབ་གནའ་ཤུལ་ནས་རྙེད་པའི་ཆ་གཟུགས་རྫ་སྣོད་དེར་ད་བར་ལོ་ངོ་4000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། “ཆ་གཟུགས་རྫ་སྣོད་ཀྱི་བཟོ་དབྱིབས་མཛེས་ཤིང་བསམ་བཀོད་ལེགས་པ་དང་བཟོ་རྩལ་བྱང་ཆུབ་པས་སྐབས་དེའི་ཁ་རུབ་རིག་གནས་ཀྱི་རྫ་ཆས་བཟོ་བའི་ཆུ་ཚད་མཚོན་པ་དང་ཁ་རུབ་ཀྱི་སྔོན་བྱོན་པ་ཚོའི་བྱང་ཆུབ་པའི་སྣོད་ཆས་བཟོ་རྩལ་མངོན་ཡོད། དེ་ནི་བོད་ཀྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་རྫ་ཆས་ཀྱི་མཚོན་བྱེད་དང་བརྩམས་ཆོས་རྩེ་གྲ་ཞིག་རེད”ཅེས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི“གངས་ལྗོངས་གླུ་དབྱངས། བོད་ཀྱི་ལོ་རྒྱུས་དང་རིག་གནས”ཀྱི་སྤྱི་ཁྱབ་ཇུས་འགོད་འགྲེམས་སྟོན་པ་ཧོ་ཞའོ་ཏུང་གིས་ངོ་སྤྲོད་བྱས།

དེང་རབས་ཀྱི་གཞི་རྒྱུ་མཉམ་འདྲེས་ནུས་ལྡན་ཐུབ་པ།

འགྲེམས་སྟོན་ཚོམས་ཆེན་ཁག་ཏུ་གསར་འགོད་པས་ད་དུང་ལྷན་སྦྲེལ་སྒྲིག་ཆས་མི་ཉུང་བ་ཞིག་མཐོང་བྱུང་། ལྟ་སྐོར་བས་མངོན་ཆས་ཡོ་ཆས་ལ་བརྟེན་ནས་ལེ་དབར་བརྒྱ་ཕྲག་ལྷག་གི་གནའ་ཤུལ་གྱི་ངོ་མཚར་མཐོང་སྟེ་མི་རྣམས་ལ་དངོས་སུ་དེ་གར་སླེབས་པ་ལྟ་བུའི་མྱོང་ཚོར་ཡོང་ཐུབ། “འགྲེམས་ཁང་གསར་པས་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རིག་ལྡན་ཞབས་ཞུ་དང་། རིག་ལྡན་དོ་དམ། རིག་ལྡན་བརྒྱུད་བསྒྲགས། རིག་ལྡན་སྲུང་སྐྱོང་། རིག་ལྡན་སློབ་གསོ། རྟེན་རྫས་བཤམས་མཛོད་ཁང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རིག་ལྡན་ཅན་གྱི་དོ་དམ་བཅས་གཞི་གཅིག་ཏུ་འདུས་པའི་གྲངས་འཛིན་འདུས་གྲུབ་མ་ལག་བསྐྲུན་ཡོད”ཅེས་མིག་དམར་སྒྲོལ་མས་ངོ་སྤྲོད་བྱས།

དེ་དང་ཆབས་ཅིག་འགྲེམས་ཁང་གསར་པས་ད་དུང་རྟེན་རྫས་བཤམས་མཛོད་ཁང་གི་ཐོན་ཁུངས་སྤྱད་དེ་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཞིབ་སྦྱོང་སློབ་གསོར་ལས་སྟེགས་གསར་རྐྱང་མཁོ་འདོན་བྱས་ནས་གཞོན་ནུ་ལོ་ཆུང་གི་སློབ་གསོའི་ཞབས་ཞུ་འཚོལ་ཞིབ་ལ་ཤུགས་སྣོན་བརྒྱབ་པ་དང་། ལོ་5ནས་13བར་གྱི་གཞོན་ནུ་ལོ་ཆུང་གཙོ་བོར་བྱས་པའི་བྱིས་པའི་ཉམས་ལེན་ཁང་བཙུགས་ཤིང་། རང་བྱུང་ཁམས་དང་འབྲེལ་འདྲིས་དང་། མེས་རྒྱལ་གྱི་མེ་ཏོག་ལྡུམ་ར། རིག་གནས་རྒྱུན་འཛིན། ལོ་རྒྱུས་ཤོད་རེས་སོགས་ཀྱི་ནང་དོན་བརྒྱུད་ཕུན་སུམ་ཚོགས་པའི་སྤེལ་རེས་ཉམས་ལེན་གྱི་འགྲེམས་སྟོན་རྣམ་གྲངས་བཀོད་སྒྲིག་བྱས་ཡོད།

རྟེན་རྫས་བཤམས་མཛོད་ཁང་ནི་སྔོན་ཆད་དང་། ད་ལྟ། མ་འོངས་བཅས་སྦྲེལ་མཐུད་བྱེད་པའི་སྦྲེལ་ཟམ་ཞིག་རེད། འགོ་འཛུགས་ས་གསར་པར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་རིག་གནས་འགྲེམས་ཚོགས་ཚན་པའི་ཁྱད་ལྡན་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་རིག་དངོས་སྲུང་སྐྱོབ་དང་ཞིབ་འཇུག་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་དངོས་ཀྱི་རིན་ཐང་གསལ་འགྲེལ་དང་བརྒྱུད་བསྒྲགས་ལ་ཤུགས་སྣོན་རྒྱག་པ། རིག་དངོས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པ་བཅས་བྱས་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་དངོས་ཡོད་དང་། ཕྱོགས་བསྡུས། ཕྱོགས་ཡོངས་བཅས་ཀྱི་བོད་ལྗོངས་འགྲེམས་སྟོན་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།