ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་པེ་དང་བོད་ཀྱི་བརྩེ་སེམས་ཟབ་མོའི་ལེའུ་གསར་པ་མུ་མཐུད་བརྩམས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཁག་དགུ་པའི་སྒྲིལ་གླེང་།

ཐོན་ལས་བོད་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། ཚན་རྩལ་བོད་སྐྱོར་ལ་ཚད་བརྒལ་གསར་པ་བྱུང་བ། དམངས་འཚོའི་བོད་སྐྱོར་ལ་གྲུབ་འབྲས་བཟང་པོ་ཐོབ་ཅིང་། 2019ལོའི་ཟླ་7པ་ནས་བཟུང་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཁག་དགུ་པས་སྤུས་ཚད་མཐོ་བའི་བོད་སྐྱོར་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་བོད་སྐྱོར་མངོན་གསལ་དོད་པོ་ཡོང་བ་དང་། ཚན་རྩལ་བོད་སྐྱོར་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བོད་སྐྱོར་བརྟན་དུ་གཏོང་བ། ལས་ཞུགས་བོད་སྐྱོར་གསར་གཏོད་བཅས་བྱས་ནས། དུས་རབས་གསར་པའི་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་གྱི་ལེའུ་གསར་པ་བརྩམས་ཏེ་ལྷོ་ཁ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཧུའུ་པེའི་སྟོབས་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

“གཞན་རྟེན+རང་རྟེན”གྱི་བྱ་ཐབས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་བཏོད་པ།

ཉིན་རེར་ཆ་སྙོམས་སྒོ་ང་སོས་པ་ཁྲི་28ཐོན་སྐྱེད་དང་། ལོ་རེར་སྐྱེ་ལྡན་ལུད་ཏུན་ཁྲི་3.5ཐོན་སྐྱེད་བྱས་པ་དེས་ལྷོ་ཁ་དང་། ལྷ་ས། ཉིང་ཁྲི། ཝུའུ་ཧན་སོགས་ཀྱི་ཁྲོམ་ར་བཟུང་ཡོད། 

འདི་ནི་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་ཁག་རུ་ཁག་དགུ་པའི་ཐོན་ལས་བོད་སྐྱོར་གྱི་ཚོང་འགུགས་མ་འདྲེན་གྱི་གཙོ་གནད་ཁེ་ལས་ཡིན་པའི་བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་མིག་སྔའི་ཐོན་སྐྱེད་ཀྱི་གནས་ཚུལ་རེད།

ཀུང་སི་དེ་སྣེ་གདོང་ཆུས་ཕོ་བྲང་ཤང་སྒེར་ལྷ་གྲོང་ཚོར་གནས་པ་དང་། རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་8.5བཏང་ནས་བོད་བྱ་ཁྲི་200གསོ་ཚགས་བྱེད་རྩིས་ཡོད་པ་དང་། མིག་སྔར་མ་དངུལ་སྒོར་དུང་ཕྱུར་5བཏང་སྟེ་བོད་བྱ་ཁྲི་100གསོ་ཚགས་བྱས་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱི་གཟན་ཆག་ལས་སྣོན་དང་། སྒོ་ང་དབྱེ་གསེད་ཐུམ་སྒྲིལ། སྐྱེ་ལྡན་ལུད་ཐོན་སྐྱེད། ཞིང་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན། སྐྱེ་ལྡན་འདེབས་འཛུགས་བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོའི་གཉེར་སྐྱོང་གི་བོད་བྱ་ཐོན་ལས་མཉམ་འདུས་ཞིག་ཡིན་པའི་ངོས་ནས་ཁེ་ལས་དེ་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་ཀྱི་དར་ཆ་ཞིག་ཏུ་གྱུར་ཡོད་པ་རེད།

“ང་ཚོའི་དམིགས་ཚད་ནི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་30ལྷག་ཙམ་ཟིན་པ་བྱ་རྒྱུ་དེ་ཡིན” ཞེས་ཀུང་སི་དེའི་སྤྱི་ཁྱབ་ཅིང་ལི་ཀྲང་པོ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས“མིག་སྔར་ཀུང་སི་དེར་ལས་བཟོ་86ཡོད། དེའི་ནང་90%ནི་ས་གནས་དེ་གའི་མང་ཚོགས་ཡིན་པ་དང་ལས་མི་30ནི་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་རེད”ཅེས་ངོ་སྤྲོད་བྱས་བྱུང་།

འདི་ལོ་ལོ་23ལ་སླེབས་པའི་པད་མ་སྒྲོལ་དཀར་ནི་སྒོར་ལྷ་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་ཞིག་རེད། ན་ནིང་ཟླ་བདུན་པར་ཅང་སུའུ་ནོར་སྲིད་སློབ་གླིང་ནས་ཐོན་རྗེས་ཀུང་སི་དེའི་ལས་བཟོར་གྱུར་ཞིང་། ཁོང་གིས“ཀུང་སིས་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་ལ་མཐོང་ཧ་ཅང་ཆེན་པོ་བྱས་ནས་ལས་བཟོ་སྒྲིག་འཛུགས་བྱས་ཏེ། ཝུའུ་ཧན་སྤྱི་ཁྱབ་པུའུ་རུ་གསོ་སྦྱོང་བྱེད་པར་མངགས་ནས། ཚང་མར་ལས་གནས་མང་པོ་ནས་སྦྱོང་བརྡར་ཐེབས་པར་བྱས་ཏེ་རིམ་བཞིན་ཀུང་སིའི་རྐང་འཛིན་སྟོབས་ཤུགས་སུ་གསོ་སྐྱོང་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པའི་ལས་བྱེད་པ་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཧོ་ཡུན་སུང་གིས“མིག་སྔར་ང་ཚོས་ཚོང་འགུགས་མ་འདྲེན་གྱི་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་5བཏང་བའི་བོད་ལྗོངས་ས་མཐོའི་སྐྱེ་དངོས་འབུ་ཕྲའི་ཐོན་ལས་ཅན་གྱི་རྣམ་གྲངས་དོན་འཁྱོལ་ཐུབ་ཡོད། མ་དངུལ་བསྡོམས་འབོར་སྒོར་ཁྲི་5000བཏང་བའི་སྟར་ཁའི་ཐའེ་ལས་སྣོན་ཞིབ་ཚགས་ཀྱི་ལག་རྩལ་སྒྱུར་བཀོད་རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད། སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དང་། ཆུ་གསུམ་རྫོང་ཤག་བྱང་གྲོང་ཚོ། རྒྱ་ཚ་རྫོང་ལ་སྒང་གྲོང་ཚོའི་གྲོང་གསེབ་ཀྱི་ཁྱིམ་ཚང་མགྲོན་ཁང་ཡུལ་སྐོར་བཅས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་བཤད་བྱུང་།

ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

ཐོན་ལས་བོད་སྐྱོར་ལ་ཚན་རྩལ་གྱི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། ལྷོ་ཁར་འབྱོར་མ་ཐག་པའི་སྐབས་སུ་ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས“གཙོ་ཁྲིད་ཐོན་ལས་གཅིག་དང་། སྣེ་འདྲེན་ཁེ་ལས་གཅིག ལེ་ལག་ཚང་བའི་ཁེ་ལས་ཁག་གཅིག ཚན་ཞིབ་ཁང་དང་སུའོ་གཅིག ཐོན་ལས་འཁོར་འབྲེལ་གཅིག”བཅས་ཀྱི་ལས་ཀའི་བསམ་ཕྱོགས་བཏོན་པ་རེད།

“ཚན་ཞིབ་ཚོགས་པའི་རོགས་རམ་འོག་ང་ཚོའི་བྱ་ཕྲུག་གསོན་ཚད་དང་སྒོ་ང་གཏོང་ཚད་97%དང་96%སོ་སོར་འཕར་ཡོད”ཅེས་ཀྲང་པོས་མྱོང་ཚོར་ཟབ་མོའི་སྒོ་ནས་གསར་འགོད་པར་བཤད་པ་དང་། ཁོང་གིས“ས་མཐོར་ཁེ་ལས་གཉེར་སྐབས་ཚན་ཞིབ་སྟོབས་ཤུགས་ཀྱི་འདེགས་སྐྱོར་མེད་ན་འགྲིག་ཐབས་མེད”ཅེས་བཤད་བྱུང་།

ཁེ་ལས་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཧུའུ་པེ་ཞིང་ཆེན་གྱིས《ཧུའུ་པེ་ཞིང་ཆེན་གྱི་ཚན་རྩལ་བོད་སྐྱོར་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི》བཟོས་པ་དང་། ལྷོ་ཁའི་བོད་བྱ་ཐོན་ལས་ཞིབ་འཇུག་ཁང་དང་། རྒྱ་ཚའི་སྟར་ཁའི་ཐོན་ལས་ཞིབ་འཇུག་སུའོ། ནས་ལས་སྣོན་ཞིབ་ཚགས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གཙོ་གནད་ཚན་རྩལ་བོད་སྐྱོར་རྣམ་གྲངས་ཆེ་གྲས་ཁག་བཅུ་ལག་བསྟར་གྱིས་ལོ་གསུམ་འབད་བརྩོན་བྱས་པ་བརྒྱུད་ཐོན་ལས་བོད་སྐྱོར་སོགས་ལ་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་ཐུབ་ཅིང་། ཧོ་ཡུན་སུང་གིས“མིག་སྔར་ཧྭ་ཀྲུང་ཞིང་ལས་སློབ་ཆེན་དང་། ཝུའུ་ཧན་ཞེ་ཧོ་སྨན་ཁང་། ཨན་ཆི་ཚོགས་པ་སོགས་མཐོ་སློབ་དང་། ཚན་ཞིབ་སྒྲིག་གཞི། ཁེ་ལས་བཅས་10ལྷག་ཙམ་ལྷོ་ཁར་གཞིས་ཚུགས་ནས་ཚན་རྩལ་བོད་སྐྱོར་གྱི་ལས་དོན་སྒྲུབ་བཞིན་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

དམངས་འཚོའི་ཞན་ཆ་བསལ་ནས་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་བཏང་བ།

དམངས་འཚོར་དོན་ཆུང་མེད་ཅིང་། འདབ་ལོ་རེ་རེས་སེམས་ཀྱི་གདུང་བ་འདྲེན། ལོ་གསུམ་རིང་། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས“སློབ་གླིང་དང་སློབ་གྲྭ་ཆེ་མོ་བ་དང་ཚོགས་སྒྲིག་ཆུང་ངུ་ཟུང་དུ་འབྲེལ་བའི”བྱ་ཐབས་རྒྱུན་ཆད་མེད་པར་སྤྱད་ནས་སློབ་གསོའི་བོད་སྐྱོར་དང་སྨན་བཅོས་བོད་སྐྱོར་སོགས་ཀྱི་བྱ་གཞག་ཟམ་མི་ཆད་པར་སྲ་བརྟན་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ལྷོ་ཁའི་མི་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ་རེད།

ལོ་གསུམ་རིང་། ཧྭ་ཀྲུང་དགེ་འོས་སློབ་ཆེན་དང་ཧུའུ་པེ་སློབ་ཆེན་གྱི་རོགས་སྐྱོར་འོག་ཏུང་ཧུའེ་སློབ་འབྲིང་འབྲིང་རྒྱུགས་ཀྱི་སྦྱངས་འབྲས་དེ་ལོ་གཉིས་བསྟུད་མར་ལྷོ་ཁ་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་པ་དང་། རྒྱ་ཚ་རྫོང་སློབ་འབྲིང་གི་འབྲིང་རྒྱུགས་སྦྱངས་འབྲས་དེ་ལྷོ་ཁ་གྲོང་ཁྱེར་གྱི“མཇུག་ཤོས”ནས་མདུན་གྲལ་དུ་སླེབས་ཡོད་པ་རེད། ཧྭ་ཀྲུང་ཚན་རྩལ་སློབ་ཆེན་ཐུང་ཅི་གསོ་རིག་སློབ་གླིང་གི་ཞོར་གཏོགས་ཞེ་ཧོ་སྨན་ཁང་དང་ཧུའུ་པེ་ཞིང་ཆེན་མ་བུ་འཕྲོད་སྦྱོར་ཁང་གི་རོགས་རམ་འོག་ལྷོ་ཁ་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་གིས“ཀ་པ་རིམ་པ་གཉིས་པ་བརྟན་དུ་གཏོང་བ་དང་ཀ་པ་རིམ་པ་གསུམ་པ་བརྩོན་ལེན་བྱེད་པའི”འཛུགས་གཏོད་ལས་དོན་སྤེལ་འགོ་ཚུགས་པ་རེད།

“ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལས་ཞུགས་བོད་སྐྱོར”ལ་བརྟེན་ནས་བསྟན་འཛིན་འཕྲིན་ལས་སོགས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་118ཧོང་ཧྲི་གྲོང་ཁྱེར་དུ་ལས་ཞུགས་ཐུབ་ཡོད་པ་རེད།

“ཧོང་ཧྲི་གྲོང་ཁྱེར་ཏ་ཡེ་གྲོང་ཁྱེར་དབྱི་ཅ་ཧུའུ་བུ་བཅོལ་ཁང་དུ་ལས་ཞུགས་ཐུབ་པ་ནི་ངའི་གཟི་བརྗིད་ཡིན་ལ་ཧུའུ་པེ་དང་བོད་ཀྱི་བརྩེ་སེམས་ཟབ་མོ་མཚོན་ཡོད”ཅེས་བསྟན་འཛིན་འཕྲིན་ལས་ཀྱིས་བཤད་པ་དང་། ཁོང་གིས“ལྗོངས་ནང་ཁུལ་གྱི་སློབ་མ་ལྗོངས་ཕྱིར་ལས་ཞུགས་ཐུབ་པ་ལས་བོད་ལྗོངས་དང་མེས་རྒྱལ་ནང་སའི་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་ཕྱིན་ནས་ང་ཚོར་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཟབ་མོ་ཚོར་བྱུང”ཞེས་བཤད་བྱུང་།

ཧུའུ་པེ་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ་སེམས་ཟབ། ཐུན་མོང་ཐོག་བརྗིད་ཆེའི་ལེའུ་གསར་པ་རྩོམ་པར་འབད། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་དགུ་པས་བྱ་སྤྱོད་དང་རྔུལ་ཆུར་བརྟེན་ནས་གངས་ལྗོངས་ས་མཐོར་ལེགས་སྐྱེས་ཕུལ་བ་དང་འགན་འཁྲི་བསྒྲུབས་པ་དང་དུས་མཚུངས། ལྷོ་ཁའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དབར་གྱི་བརྩེ་སེམས་ཟབ་ཏུ་བཏང་ནས་ཧུའུ་པེ་དང་བོད་ཀྱི་བརྩེ་སེམས་ཟབ་མོའི་ལེའུ་གསར་པ་མུ་མཐུད་རྩོམ་བཞིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།