ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ་གསུམ་བོད་སྐྱོར་ལས་དོན་བསྒྲུབས། ཚེ་གང་ས་མཐོར་བརྩེ་སེམས་འཆང་།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བོད་སྐྱོར་ཁག་དགུ་པའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་གྱི་ཟུར་བྲིས།

ཟླ་7ཚེས་19ཉིན། རང་སྐྱོང་ལྗོངས་ཀྱི་བོད་སྐྱོར་ཁག་དགུ་པའི་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དང་། བོད་སྐྱོར་སྔོན་ཐོན་མཉམ་སྡེབ་30དང་། སྔོན་ཐོན་མི་སྒེར་160 རྣམ་འགྱུར་ལེགས་པའི་མི་སྒེར་846བཅས་ལ་གཟེངས་བསྟོད་ཐོབ་པ་རེད།

“ལོ་གསུམ་བོད་སྐྱོར་ལས་དོན་བསྒྲུབས། ཚེ་གང་ས་མཐོར་བརྩེ་སེམས་འཆང་། འདི་གར་ང་ལ་འགོ་ཁྲིད་དང་། ལས་རོགས། གྲོགས་པོ། བོད་སྐྱོར་བ་བཅས་ཡག་པོ་རྐྱང་རྐྱང་ཐུག་བྱུང་བས་ལོ་གསུམ་གྱི་དུས་ཚོད་དེ་ངས་ནམ་ཡང་བརྗེད་མི་སྲིད། ཕ་ཡུལ་དུ་ལོག་རྗེས་ངས་མུ་མཐུད་བོད་ཀྱི་ནགས་ལས་ལ་དོ་ཁུར་བྱས་ནས་ནུས་པས་ལྕོགས་ཚོད་ཀྱིས་བོད་ཀྱི་ནགས་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན”ཞེས་ལོ་གསུམ་གྱི་བོད་སྐྱོར་འཚོ་བའི་སྐོར་གླེང་སྐབས་བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་ཧྥེང་ཆང་གིས་མྱོང་ཚོར་ཟབ་མོས་བརྗོད།

“སློབ་མ་དང་དགེ་རྒན་ཚོས་ང་ཚོ་ལོག་འགྲོ་མཁན་ཡིན་པ་ཤེས་རྗེས། འཚང་ཁ་ཤིག་ཤིག་ངང་ང་ཚོར་ཁ་བཏགས་གཡོགས་བྱུང་། ད་དུང་སློབ་མ་ཁག་གཅིག་གིས་ང་ཚོའི་བོད་སྐྱོར་དགེ་རྒན་ལ་འཐམ་ནས་མིག་ཆུ་ཡང་གཏོང་གི་འདུག་པས་རང་ཉིད་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེ་ནི་ངས་ནམ་ཡང་བརྗེད་མི་སྲིད”ཅེས་བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་གི་སློབ་སྤྱི་ཀྲུའུ་ཁྲུན་ཕིང་གིས་བྲལ་འདོད་མེད་པའི་སྒོ་ནས་བརྗོད།

ལོ་གསུམ་རིང་། བོད་སྐྱོར་ཁག་དགུ་པའི་ལས་བྱེད་པས་རྩ་འཛུགས་ཀྱིས་དཀྲིས་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་ཕ་ཡུལ་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་མ་བརྗེད་པར་བྱས་ནས། རང་ལྗོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ཆེས་འཐབ་ས་མདུན་མ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཐབ་ས་གཙོ་བོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཡུལ་ས་གཙོ་བོ། མཐའ་སྟོབས་མཐའ་བརྟན་གྱི་འཐབ་ཕྱོགས་དང་པོ་བཅས་སུ་རང་འགུལ་ངང་བྱས་རྗེས་བཞག་པ་དང་། དབུལ་སྒྲོལ་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། ནག་སེལ་གཤེད་བཅོམ། རིམས་ནད་སྔོན་འགོག་དང་ཚོད་འཛིན། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ལས་འགན་གལ་ཆེན་དང་གཙོ་གནད་ལས་དོན་ལ་ཧུར་ཐག་ཞུགས་པ། ལས་ཀའི་ཇུས་གཞི་ནན་ཏན་ངང་འགོད་པ་དང་། ལས་དོན་ཏན་ཏིག་ངང་སྒྲུབ་པ། ལས་དོན་སྒྲུབ་མཁས་པོ་བཅས་བྱས་ཏེ། བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་བྱ་གཞག་ཆེད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བ་དེ་ཐོག་ནས་བོད་སྐྱོར་ལས་བྱེད་པས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་བོད་ཀྱི་ལས་དོན་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་གང་ལེགས་མཚོན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ལོ་གསུམ་རིང་ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་བའི་ཞིང་ཆེན་དང་གྲོང་ཁྱེར་ཁག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད། ཀྲུང་དབྱང་ཁེ་ལས་བཅས་ཀྱིས་བོད་སྐྱོར་འཆར་གཞིའི་ནང་ཚུད་ཀྱི་མ་དངུལ་སྒོར་དུང་ཕྱུར་141དོན་འཁྱོལ་དང་། འཆར་གཞིའི་ནང་ཚུད་མེད་པའི་མ་དངུལ་སྒོར་དུང་ཕྱུར་65བརྩོན་ལེན། བོད་སྐྱོར་རྣམ་གྲངས་སྣ་ཚོགས་2712ལག་བསྟར་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།

ས་མཐོར་བཅངས་པའི་བརྩེ་སེམས་ཟབ་མོ། བླ་ན་མེད་པའི་བོད་སྐྱོར་སྙིང་སྟོབས། བོད་སྐྱོར་ཁག་དགུ་པའི་ལས་བྱེད་པ་ལི་ཅིའུ་ཅཱ་ཡིས། བོད་དུ་སླེབས་རྗེས་ཡུན་རིང་བོད་དུ་བསྡད་པའི་ལས་བྱེད་པ་དང་ཤེས་ལྡན་པ་དང་། མི་རབས་ནས་མི་རབས་བར་བོད་དུ་འཚོ་བ་སྐྱེལ་བཞིན་པའི་སྤུན་ཟླ་ཚོ་དང་འཚོ་བ་མཉམ་དུ་བསྐྱལ་བས་ཁོང་ཚོའི་ལྷག་བསམ་རྣམ་དག་གི་བསམ་པ་ཚོར་བྱུང་ལ། ཁོང་ཚོའི་ལུས་ཐོག་གི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱང་མཐོང་བྱུང་། ཕ་ཡུལ་དུ་ལོག་རྗེས་ངས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་། དུས་བཟང་ཆུད་ཟོས་སུ་མི་གཏོང་བ། ཐོག་མའི་བསམ་འདུན་མི་བརྗེད་པ་བཅས་བྱས་ཏེ་མུ་མཐུད་འབད་འཐབ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

བོད་སྐྱོར་ལས་དོན་སྤེལ་བ་དེས་ཀྲུང་དབྱང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བོད་ལ་ཐུགས་ཁུར་གནང་བ་དང་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་གང་ལེགས་མངོན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་ཕན་ཚུན་ལྟ་སྐྱོང་དང་སྤུན་ཉེའི་བརྩེ་སེམས་ཟབ་མོ་ཡང་གང་ལེགས་མངོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།