ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྨ་བྱ་ཁ་འབབ་ངོགས་ཀྱི་གཡུ་ཡི་ཞིང་ཁམས་སྟོད་ཡུལ་གྲོང་ཚོ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

89754084-18b6-4eae-993f-de4b184f46d5.jpg

འདི་ནི་སྟོད་ཡུལ་གྲོང་ཚོ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་སྤུ་ཧྲེང་གྲོང་རྡལ་སྟོད་ཡུལ་གྲོང་ཚོ་ནི་བོད་ནུབ་ས་མཐོར་ཞིང་ལས་གཙོ་བོར་བྱེད་པའི་ས་ཆ་ཉུང་ཤས་ལས་མེད་པ་དེའི་ཁྲོད་ནས་གཅིག་ཡིན་ཞིང་། མི་རྣམས་ཀྱིས་རྩྭ་ཆུ་འཛོམས་པའི་ཡུལ་ཞེས་སུ་འབོད་པ་ལས་འདི་ནི་ཁོ་ར་ཁོར་ཡུག་གི་བཀོད་པ་ཡིད་དུ་འོང་བའི་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ་སྐྱིད་པོ་ཞིག་ཡིན་པ་རྟོགས་ཐུབ།

ལྗོན་ཤིང་བཏབ་ནས་ཡུལ་ལུང་མཛེས་པར་བྱས།

སྟོད་ཡུལ་གྲོང་ཚོར་བསྐྱོད་སྐབས། རྨ་བྱ་ཁ་འབབ་ལྷུང་ལྷུང་དུ་བཞུར་བཞིན་གང་སར་རྩྭ་རྩི་ཤིང་མང་ལ་གཙང་ཞིང་གྲལ་འགྲིག་པོ་དེ་འདྲ་ཡོད་པ་གསར་འགོད་པའི་བསམ་ཡུལ་ལས་འདས་སོང་། འདི་གའི་དུད་ཚང་མི་རེ་ངོ་རེའི་ཁང་པའི་རྒྱབ་མདུན་ཚང་མར་མང་ཉུང་ལ་མ་ལྟོས་པར་ཤིན་ཅང་གི་སྦྱར་པའམ་སྤུ་ཧྲེང་གི་རྒྱ་ལྕང་བཏབ་ཡོད་པས། སྟོད་ཡུལ་འདི་ཉིད་ལྗོན་ཤིང་གིས་བརྒྱན་པའི་གྲོང་ཚོ་ཉམས་དགའ་བ་ཞིག་ཏུ་གྱུར་པ་དང་། གྲོང་ཚོའི་ལམ་བུའི་ཕྱོགས་བཞིར་སྤྱིར་ན་གད་སྙིགས་ལྟ་ཅི་ཐ་ན་ཤོག་སྙིགས་ཙམ་ཡང་མཐོང་རྒྱུ་མི་འདུག (པར་ངོས་གསུམ་པར་གཟིགས) (པར་ངོས་དང་པོར་མཐུད)

“དེ་ནི་2014ལོར་ཧྲའན་ཤིས་བོད་སྐྱོར་གྱིས་མ་དངུལ་སྒོར་ཁྲི་1600བཏང་སྟེ་སྟོད་ཡུལ་གྲོང་ཚོར་ཁོར་ཡུག་བཅོས་སྒྲིག་གི་ལས་གྲྭ་ལག་ལེན་བསྟར་བ་ལས་ཕན་པ་ཐོབ་པ་དང་། དེས་གྲོང་ཚོ་ཡོངས་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་ཕྱིན་ཡོད”ཅེས་སྟོད་ཡུལ་གྲོང་ཚོ་ཡུལ་མི་ཨུ་ལྷན་གྱི་ཀྲུའུ་རེན་བཀྲ་ཤིས་ཆོས་འཕེལ་གྱིས་ངོ་སྤྲོད་བྱས།

ལོ་8གོང་སྲིད་འཛིན་གྲོང་ཚོ་ཞིག་ལ་མ་དངུལ་སྒོར་ཁྲི་ཆིག་སྟོང་ལྷག་ཙམ་བཏང་ནས་ཁོར་ཡུག་བཅོས་སྒྲིག་བྱས་པ་དེ་ནི་ཧང་སངས་དགོས་པ་ཞིག་ཡིན་པ་དང་དེ་ནས་བཟུང་སྟོད་ཡུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་རྐྱང་ཞིག་རྩོམ་འགོ་ཚུགས་ཡོད།

དེ་སྔོན་སྟོད་ཡུལ་གྲོང་ཚོ“རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོར”བདམས་པ་དང་2017ལོར“མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་གྱི་གྲོང་ཚོ་དང་པོ”འཛུགས་གཏོད་ཀྱི་བྱེད་སྒོ་ལག་ལེན་བསྟར་ཡོད། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་གྲོང་མིར་ཕྱོགས་ཡོངས་ནས“ཤིང་སྡོང་བཅུའི་འཆར་གཞི”ལག་བསྟར་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ་དུད་ཚང་ཚང་མར་ལྗོན་ཤིང་འབོར་ཆེན་འདེབས་དགོས་པའི་སྐུལ་ལྕག་བྱས་པ་དང་། 2019ལོ་ནས་ད་བར་གྲོང་ཚོ་ཡོངས་ཀྱིས་ལོ་ལྟར་སྡོང་ཕྲུག་མུའུ་30བཙུགས་པས། སྔོ་འགྱུར་རྒྱ་ཁྱོན་མུའུ་4500ཟིན་ཡོད།

སྟོད་ཡུལ་གྲོང་ཚོར་ཆུ་ཀ་ལའི་ལས་གྲྭ་ལག་ལེན་བསྟར་ཚུན་མང་ཚོགས་རྣམས་སྔོན་མ་ལྟར་ཆུ་ཚོད་གཉིས་སྤྱད་དེ་སྤྱི་ལེ་3ལྷག་གི་ཆུ་ཡུར་ནས་ཆུ་ལེན་པར་འགྲོ་མི་དགོས་པར་ད་ཆ་དུད་ཚང་མི་རེ་ངོ་རེས་ཐད་ཀར་དྭངས་གཙང་གི་ཀ་ལའི་ཆུ་སྤྱོད་ཆོག་པ་དང་བཙོག་ཆུ་ཡང་གཙང་གསིང་བྱས་རྗེས་གཞི་ནས་རྨ་བྱ་ཁ་འབབ་ནང་གློད་ཆོག་པས་གྲོང་ཚོ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་གོམ་སྟབས་སྔར་བས་མགྱོགས་སུ་ཕྱིན་ཡོད།

ཚང་མས་ཁོར་ཡུག་སྲུང་སྐྱོང་ཧུར་ཐག་བྱས་པ།

རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པས། བསམ་བློའི་འདུ་ཤེས་ཀྱི་ཆུ་ཚད་ཀྱང་དེ་བས་མཐོ་རུ་གཏོང་དགོས་ཀྱི་ཡོད། དེས་ན་སྟོད་ཡུལ་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་སློབ་གསོ་ཁྲིད་སྟོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དྲིལ་བསྒྲགས་ཧུར་ཐག་བྱས་ནས་གོམས་སྲོལ་བསྒྱུར་བ་དང་སྲོལ་ངན་ལུགས་རྙིང་དོར་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲོང་སྲོལ་དམངས་ཆིངས་ཁག་32དག་བཅོས་འཐུས་སྒོ་ཚང་དུ་བཏང་བ་དང་། སྟོད་ཡུལ་གྲོང་ཚོའི་གྲོང་མིའི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཆིངས་ཁག་6བཟོས་པ། གད་སྙིགས་གང་བྱུང་དུ་གཡུགས་པ་དང་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ལ་ཆད་གཅོད་དང་སྐྱོན་བརྗོད་སློབ་གསོ་བཏང་ཡོད།

2020ལོར་སྟོད་ཡུལ་གྲོང་ཚོས་ཁོར་ཡུག་གཙང་སྦྲའི་རུ་ཁག་བཙུགས་ཏེ་ཁོར་ཡུག་གཙང་སྦྲ་བ་8བཀོད་སྒྲིག་བྱས་ནས་ཉིན་ལྟར་རང་ཉིད་ཀྱིས་འགན་འཁུར་བའི་ས་ཁོངས་སུ་གཙང་སྦྲ་བྱེད་དུ་བཅུག་པ་དང་། གྲོང་ཚོ་ཡོངས་སུ་གཏན་འཇགས་ཀྱི་གད་སྙིགས་བསྡུ་རུབ་ས་ཚིགས་8བཙུགས་པ་མ་ཟད་ལས་སྒྲུབ་ཚོགས་ཆུང་ཁག་ཏུའང་གད་གཞོང་བཞག་སྟེ་གད་སྙིགས་ཉིན་ལྟར་གཙང་སེལ་དང་གཅིག་གྱུར་ཐག་གཅོད་བྱས་ཡོད། གྲོང་ཚོས་ད་དུང་གད་སྙིགས་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང་བཙུགས་ཏེ་གྲོང་མིར་གད་སྙིགས་རིགས་དབྱེ་བྱས་ནས་གད་སྙིགས་སྐར་གྲངས་ལ་ཕབ་ནས་དངོས་རྫས་བརྗེ་དགོས་པའི་ལྕག་སྐུལ་བྱས་པ་མ་ཟད། “དུད་ཚང་གིས་བསྡུ་རུབ་དང་། གྲོང་ཚོས་རིགས་དབྱེ། ཤང་གིས་འཁོར་སྐྱོད། རྫོང་གིས་གཙང་སེལ”བཅས་ཀྱི་ཐབས་ལ་བརྟེན་ནས་གད་སྙིགས་གཙང་སེལ་བྱས་ཡོད།

ཉེ་བའི་ལོ་ཤས་རིང་། སྟོད་ཡུལ་གྲོང་ཚོས་ད་དུང“ཆུ་དཔོན་ལམ་ལུགས”དམ་འཛིན་བྱ་གཞིར་བྱས་ནས་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སྦགས་བཙོག་ཆུ་ལམ་བཅོས་སྒྲིག་གིས་ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལ་ཚོད་འཛིན་གྱི་དམར་ཐིག་གཏན་འཁེལ་བྱས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་དུད་ཚང་ཚང་མར་རྫབ་དོང་བཟོ་ས་འདེམས་པའི་ལས་དོན་སྤེལ་བས་རྣམ་གྲངས་ལེགས་གྲུབ་ཟིན་རྗེས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཟབ་ཏུ་ཕྱིན་ནས་གྲོང་ཚོ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་འགྲོ་རྒྱུ་རེད།

གྲོང་ཚོ་མཛེས་ལ་མང་ཚོགས་ཕྱུག་པས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ།

མཐོ་ས་ནས་རྒྱང་ལྟ་བྱེད་སྐབས་འཁྱིལ་ལི་ཚོགས་ཆུང་གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གི་ཚོན་མདོག་བཀྲ་བའི་གུར་དག་སྔོ་ལྗང་ནགས་ཚལ་དང་སྤང་ལྗོངས་ཁྲོད་དེ་བས་མངོན་གསལ་དོད།

འདི་ལོའི་ལོ་སྟོད་དུ་སྟོད་ཡུལ་གྲོང་ཚོའི་འཁྱིལ་ལི་ཚོགས་ཆུང་གི་མང་ཚོགས་སྲི་གཅོད་བཟང་མོས་སྟོད་ཡུལ་གྲོང་ཚོའི་མཛེས་ལྗོངས་སྤྱད་དེ་ཡུལ་སྐོར་བའི་ཡིད་དབང་འགུག་པ་དང་རང་ཉིད་ཀྱི་ཡོང་འབབ་མང་དུ་ཇི་ལྟར་གཏོང་རྒྱུའི་ཐད་བསམ་བློ་གཏོང་འགོ་ཚུགས། བསམ་བློ་ཡང་ཡང་བཏང་མཐར་ཁོང་གིས་གྲོང་ཚོར་མཐའ་དར་དམངས་ཕྱུག་གི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་བསྐྲུན་རྒྱུའི་རྣམ་གྲངས་རེ་ཞུ་བྱས་པ་དང་སྤང་ལྗོངས་ཤིག་འགན་གཙང་བླངས་ཏེ་གུར་4བརྒྱབ་པ་དང་། བོད་བཟོའི་ཁྱིམ་ཆས་དང་། ཆང་རག་སོགས་ཉོས་ནས་གྲོང་ཚོ་ཡོངས་ཀྱི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་པོ་བཙུགས་པ་རེད།

མཆོད་རྟེན་ཚོགས་ཆུང་གི་ཡུལ་མི་ཟླ་བ་རྒྱལ་པོས་གྲོང་ཚོར་རྣམ་གྲངས་མང་བའི་ཚོང་ལས་ཀྱི་གོ་སྐབས་དམ་འཛིན་གྱིས་2018ལོ་ནས་བཟུང་བསམ་སྐྱིད་རྡོ་རྗེའི་ཞིང་འབྲོག་པའི་ཨར་སྐྲུན་རུ་ཁག་བཙུགས་ཏེ་ཆུ་ཡུར་དང་། ཁང་པ། འགྲོ་ལམ་སོགས་ཉམས་བཟོའི་རྣམ་གྲངས་འགན་གཙང་བླངས་ནས་གྲོང་མི་20ལྷག་ཙམ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

ཟླ་བ་རྒྱལ་པོས“ཏང་དང་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་ང་ཚོའི་གྲོང་ཚོའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་ལ་དོ་ཁུར་ཆེན་པོ་བྱས་ཏེ་འབྲེལ་ཡོད་རྣམ་གྲངས་མང་པོ་ལག་ལེན་བསྟར་བས་ང་ཚོ་ཨར་སྐྲུན་རུ་ཁག་གིས་ཕ་ཡུལ་འཛུགས་སྐྲུན་བྱེད་ཞོར་ལ་ཡོང་འབབ་ཀྱང་མང་པོ་གསོག་ཐུབ་ཀྱི་འདུག ཚང་མས་ཨར་སྐྲུན་བྱེད་རིང་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་ཆེན་པོ་བྱེད་པ་དང་། ཨར་སྐྲུན་གྱི་གད་སྙིགས་ཚད་ལྡན་ངང་གཙང་སེལ་བྱས་ནས་རྩ་རྩི་ཤིང་ལ་གཏོར་སྐྱོན་གཏན་ནས་མི་ཐེབས་པ་བྱེད་ཀྱི་ཡོད”ཅེས་བཤད།

མིག་སྔར་སྟོད་ཡུལ་གྲོང་ཚོ་འདི་ཉིད་ཡུལ་ལྗོངས་དེ་བས་མཛེས་པ་དང་གྲོང་མིའི་འཚོ་བ་དེ་བས་འབྱོར་ཕྱུག་ལྡན་པར་འགྱུར་ནས་སྐྱེ་ཁམས་ཤེས་དཔལ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་གོམ་ཞེང་ཆེན་པོས་སྐྱོད་བཞིན་མཆིས།

ད་ཆ་རྨ་བྱ་ཁ་འབབ་ངོགས་ཀྱི་གཡུ་ཡི་ཞིང་ཁམས་དེའི་སྙན་པའི་བ་དན་གངས་ལྗོངས་ས་མཐོའི་ས་ཕྱོགས་གང་སར་གྲགས་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།