ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཡར་ཀླུང་ཕྱོགས་སུ་བརྩེ་སེམས་བཅངས། མཉམ་དུ་བདེ་སྐྱིད་སྙན་དབྱངས་དཀྲོལ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པའི་སྐོར་བཀོད་པ།

2019ལོ་ནས་བཟུང་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ལྷོ་ཁས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམ་པོར་དམིགས་ཤིང་། ལས་དོན་ཏན་ཏིག་བསྒྲུབས་པ་དང་མདུན་གྲལ་དུ་བསྐྱོད་ནས་དུས་རབས་གསར་པའི་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་བཏོད་དེ་གཟེངས་སུ་ཐོན་པའི་རྒྱུགས་ལན་ཡག་པོ་ཞིག་ཕུལ་ཡོད།

ཐོན་ལས་ཀྱི་བཀོད་པ་ལེགས་སུ་བཏང་ནས་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་བ།

མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4650ཟིན་གྱི་ཡོད། དེ་གར་ས་བབ་མཐོ་ནའང་ས་ཆ་ཁོད་སྙོམས་པོ་ཡོད། ལོ་གསུམ་རིང་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གོ་སྐབས་སུ་བྱས་ཏེ་མ་དངུལ་སྒོར་ཁྲི་9494བཏང་ནས་གྲི་གུ་གྲོང་རྡལ་གྱི་འཐུང་ཆུ་མཁོ་འདོན་བཙོག་ཆུ་ཕྱིར་འབུད་གཞི་གཅིག་ཅན་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ། འཚོ་བའི་གད་སྙིགས་གཙང་སེལ། གསང་སྤྱོད་གསར་བརྗེ། ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བཅས་འདུ་འགོད་ཆེ་གྲས་ཁག་ལག་ལེན་བསྟར་ནས་གྲི་གུ་གྲོང་རྡལ་དེ་ཉིད་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་ཏུ་ནུས་ཤུགས་ཡོད་རྒུས་བསྐྲུན་པས་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད་པ་རེད།

ལྷོ་ཁའི་རིག་གནས་ཀྱི་ནང་དོན་གཏིང་ཟབ་པ་ནི་བོད་མི་རིགས་དང་བོད་ཀྱི་རིག་གནས་ཀྱི་འབྱུང་གནས་གཙོ་བོ་ཡིན་པས་རེད། ས་གནས་དེ་གའི་ཐོན་ལས་རིམ་སྤོར་ལ་རོགས་རམ་བྱ་ཆེད། ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་མཐུན་སྦྱོར་ངང“བོད་མིའི་འབྱུང་གནས་ལྷོ་ཁ་རྟགས་ཅན”གྱི་དུས་གཏན་གནམ་གྲུ་དང་།“བོད་ལྗོངས་ལྷོ་ཁ་རྟགས་ཅན”གྱི་པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་ལྕགས་ལམ། “ཨན་ཧུའེ་བོད་སྐྱོར་རྟགས་ཅན”གྱི་ཧོ་ཧྥེའི་ས་འོག་ལྕགས་ལམ་ལམ་ཐིག་དང་པོ་བཅས་ཤར་གཏོང་ཐུབ་རྒྱུར་མཐུན་སྦྱོར་བྱས་ནས་ལྷོ་ཁའི་ཡུལ་སྐོར་གྱི་དྲིལ་བསྒྲགས་བྱེད་སྟངས་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱས་པ་དང་། “ཧོང་ཧྲན་ལོ་མ་ཆེན་པོའི་རིགས་ཀྱི་གཡུ་ལོ་ཨང་དང་པོའི”སྤུས་ལེགས་ཇ་ཤིང་ཁྲི་ཁ་ཤས་ནང་འདྲེན་བྱས་ཏེ་མཚོ་སྣ་རྫོང་ལེགས་པོ་རོང་གི་ཇ་ལོའི་རྟེན་གཞི་སྒྱུར་བཀོད་རིམ་སྤོར་ལ་རམ་འདེགས་བྱས་ནས“བོད་ཇ་པེ་ཅིང་དུ་གཏོང་བའི”བྱེད་སྒོ་སྤེལ་བ་དང་ལེགས་པོ་རོང་གི་ཇ་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཞིང་། ཚོང་འགུགས་མ་འདྲེན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་13དོན་འཁྱོལ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་12.65བཏང་ཡོད།

བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སློབ་གསོའི་མཐོ་ས་བཏོད་པ།

སློབ་གསོའི་བོད་སྐྱོར་ནི་བོད་སྐྱོར་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན། ལོ་གསུམ་རིང་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ་དང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཡག་པོ་ཞིག་འཁྲིད་རྒྱུ་དེ་དམ་འཛིན་བྱ་གཞིར་བྱས་ཏེ། “མཐོ་རྒྱུགས་སྣུམ་སྣོན་ས་ཚིགས”དང་། “དགེ་རྒན་གྲགས་ཅན་གྱི་སློབ་ཚན” “ཨན་ཧུའེ་དང་བོད་ལྗོངས་ཀྱི་སློབ་ཚན”སོགས་སྤུས་རྟགས་བཏོད་དེ་ཁ་གཏད་རོགས་སྐྱོར་སློབ་གྲྭ་སྟེ་ལྷོ་ཁ་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་གཉིས་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས། 2021ལོར་མཐོ་རྒྱུགས་ནང་སློབ་གྲྭ་དེའི་སློབ་མ་98.93%རྒྱུགས་འཕྲོད་ནས་སློབ་གྲྭ་བཙུགས་པའི་ཚུན་གྱི་གྲུབ་འབྲས་བཟང་ཤོས་ཐོབ་པ་རེད།

སྦྱངས་འབྲས་ཡག་པོ་ཐོབ་པ་ནི་སློབ་གྲྭ་དེས་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱས་པའི་འབྲས་བུ་ཞིག་ཡིན། ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་བོད་སྐྱོར་ལས་བྱེད་པ་དང་ཨན་ཧུའེ་ཞིང་ཆེན་གྱི་མཐོ་སློབ་12ནས་དགེ་རྒན་གདན་དྲངས་ནས་སློབ་གྲྭ་དེའི་བསམ་བློ་ཆབ་སྲིད་ཀྱི་ཟུར་ཁྲིད་པའི་འགན་ཁུར་བ་དང་། ཀུན་སྤྱོད་སློབ་གསོའི་རྟེན་གཞི་5དང་ཁྱད་ལྡན་སློབ་མའི་ཚོགས་པ་5བཙུགས་ནས་རྗོད་དོན་གཙོ་བོའི་སློབ་གསོའི་ཟླ་བའི་བྱེད་སྒོ་ཐེངས་10སྤེལ་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ལ“གསོན་ཤུགས་རྒྱས་པ”དང་། “འཁྲུག་ཆ་དོད་པ” “སྟོབས་ཆེ་བ”བཅས་བྱས་ཤིང་། སྒོར་གཞས་དང་ཁྲའོ་ཧུའུ་ཡི་དམངས་གཞས་སློབ་གསེང་ལུས་རྩལ་ནང་བཅུག་པ་དང་། ཧོང་མེ་ཁྲང་ཞི་སློབ་ཁང་དུ་ཁྱབ་གདལ་བཏང་ནས་རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་རྒྱུན་དུ་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་པ་རེད།

སྨན་བཅོས་མཁོ་སྤྲོད་ལེགས་སུ་བཏང་ནས་སྤུས་རྟགས་ཀྱི་ལེགས་ཆ་གྲུབ་པ།

ལོ་གསུམ་གྱི་རིང་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ནད་པའི་དགོས་མཁོར་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་རང་ལྗོངས་ཀྱི་རིམ་མཐོའི་གྲིབ་སྐྱོན་ལྟེ་གནས་དང་པོ་དང་རྒྱལ་ཁབ་ཀྱི་འཇུ་བྱེད་མ་ལག་གི་སྔ་དུས་སྐྲན་ནད་འགོག་བཅོས་ལྟེ་གནས་སུ་བསྐྲུན་རོགས་བྱས་པ་དང་། 5Gཡི་སྒུལ་བདེའི་མྱུར་སྐྱོབ་ཆ་འཕྲིན་ལས་སྟེགས་བཙུགས་པ། ལག་རྩལ་དང་རྣམ་གྲངས་400གསར་གཏོད་བཅས་བྱས་ཤིང་། བསྡོམས་རྩིས་ལ་གཞིགས་ན། མིག་སྔར་སྨན་ཁང་དེའི་ནད་པ་བློ་ཡིད་ཚིམ་ཚད་98.5%ཟིན་ཡོད་པ་རེད།

གཞན་ཡང་ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་སྨན་བཅོས་ཐོན་ཁུངས་གཤམ་ལ་ཕྱོགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་གྲོང་ཁྱེར་དང་རྫོང་གི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས་རྒྱུན་དུ་གཞི་རིམ་དུ་སྨན་བཅོས་ལ་སྐྱོད་པ་དང་། དགེ་རྒན་གྱིས་དགེ་ཕྲུག་ཁྲིད་ནས་གསོ་སྦྱོང་། བདེ་ཐང་དབུལ་སྐྱོར་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལྷོ་ཁའི་མི་དམངས་ཀྱི་བདེ་ཐང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ་རེད།

ལོ་གསུམ་གྱི་བོད་སྐྱོར་ལམ་བུ་ལས། ཚེ་གང་གི་བོད་སྐྱོར་བརྩེ་སེམས་ཆགས། ཨན་ཧུའེ་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བདུན་པས་ཡར་ཀླུང་གི་ས་གཞིར་བརྩེ་སེམས་ཟབ་མོ་བཅངས་ནས་བྱ་བ་དངོས་རེ་རེ་དང་མི་སེམས་འགུལ་བའི་དོན་དག་རེ་རེ་ཁོང་ཚོའི་ཚེ་གང་ལ་བརྗེད་པར་དཀའ་བའི་ཕྱིར་དྲན་དུ་གྱུར་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།