ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་མངའ་རིས་སུ་ལོ་བཅུའི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མངོན་གསལ་ཡིན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཟླ7པའི་ཚེས1ཉིན་ལྷ་ས་ནས་འཚོགས་པ་རེད།

“དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད”ཅེས་མངའ་རིས་ས་ཁུལ་སྲིད་འཛིན་ཧྲུའུ་ཡི་ཏང་ཙུའི་ཁོངས་མིའམ། ཀྲོན་ཡོན་གཞོན་པ་ལུའོ་ཧུང་ཕུང་གིས་ཚོགས་འདུ་ཐོག་ངོ་སྤྲོད་བྱས་པ་དང་། 2021ལོར་ས་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར77.65ཟིན་པ་དེ2012ལོའི་ལྡབ2.92ཡིན་པ་དང་། ལོ་རེར་ཆ་སྙོམས9.5%འཕར་ཡོད། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་ཚད་སྒོར་དུང་ཕྱུར57.3ཟིན་པ་དེ2012ལོའི་ལྡབ2.35ཟིན་ནས་ལོ་རེར་ཆ་སྙོམས10%འཕར་ཡོད་ཟེར།

ལོ་བཅུའི་རིང་མངའ་རིས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མ་ལག་ཉིན་བཞིན་འཐུས་ཚང་དུ་གྱུར་ཞིང་། ལོ་བཅུའི་རིང་མ་དངུལ་སྒོར་དུང་ཕྱུར་530.64བཏང་བ་དང་རྣམ་གྲངས་གལ་ཆེན3867ཟིན་པ་རེད། གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི2.1791ཟིན་པ་དང་། རྫོང་དང་ཤང་། གྲོང་ཚོ་བཅས་སུ་གཞུང་ལམ་ཤར་གཏོང་ཐུབ་ཚདསོ་སོར100%དང95%86%བཅས་ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར61.35བཏང་ནས་གཙོ་གནད་ནུས་རྒྱུའི་རྣམ་གྲངས54ལག་བསྟར་བྱས་པ་དང་། མངའ་རིས་དང་བོད་དབུས་གློག་དྲའི་དྲ་སྦྲེལ་ལས་གཞི་དངོས་སུ་གཉེར་སྐྱོང་བྱས་པ་དེས་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་འབའ་ཞིག་གི་གློག་དྲ་ཁེར་རྐྱང་འཁོར་སྐྱོད་ཀྱི་ལོ་རྒྱུས་མཇུག་སྒྲིལ་བ་རེད།

ལུའོ་ཧུང་ཕུང་གིས། ལོ་བཅུའི་རིང་མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་ཐོན་པ་དང་། མ་ཕམ་གཡུ་མཚོ་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཚོད་ལྟའི་རྣམ་གྲངས་དང་། ཚ་རོག་གཙང་པོའི་འབབ་རྒྱུད་དང་སྒར་ཆུ་འབབ་རྒྱུད་ཀྱི་བརླན་ས་སྲུང་སྐྱོང་དང་སླར་གསོ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་རེད། གཞན་ཡང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་བསྣན་ཏེ་བྲེ་སེར་འབྲོང་འཚོ་སྡོད་བྱ་ཡུལ་རྒྱ་ཆེར་བཏང་བས་མགོ་གྲངས220བར་མང་དུ་ཕྱིན་པ་དང་། གཙོད་ཀྱི་ཁྱུ་ཚོགས་ཁྲི10ལྷག་ཙམ་མང་དུ་ཕྱིན་ཡོད་ཟེར།

ལོ་བཅུའི་རིང་མངའ་རིས་ས་ཁུལ་གྱིས་མཐའ་མཚམས་སྟོབས་ཆེར་གཏོང་བ་དང་མཐའ་མཚམས་དར་ཞིང་རྒྱས་པའི་ལས་དོན་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་པ་དང་། མཐའ་མཚམས་མང་ཚོགས་ཀྱི་ཁ་གསབ་རོགས་དངུལ་བརྟན་བརླིང་ངང་མཐོ་རུ་བཏང་ནས་ས་བབ་ཤིན་ཏུ་མཐོ་བའི་སྐྱེ་ཁམས་གནས་སྤོར་དང་མཐའ་གྲོང་གསར་འཛུགས་ལས་གཞི་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།

གཞན་ཡང་། ལུའོ་ཧུང་ཕུང་གིས་ད་དུང་དེང་རབས་ཐོན་ལས་མ་ལག་དང་། བཅོས་སྒྱུར་ཟབ་གཏོང་། སྤྱི་པའི་ཞབས་ཞུའི་མ་ལག དབུལ་ཐར་འགག་སྒྲོལ་སོགས་ཀྱི་ཐད་ནས་ལོ་བཅུའི་རིང་གི་མངའ་རིས་ས་ཁུལ་གྱི་འཕེལ་རྒྱས་ངོ་སྤྲོད་བྱས་པ་རེད།

ལུའོ་ཧུང་ཕུང་གིས། རྗེས་མར་མངའ་རིས་ས་ཁུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་དང་གནད་ལ་འཁེལ་བ། ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ་བརྒྱུད། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ། དཔལ་འབྱོར་གྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ་དང་འབོར་ཚད་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།