ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བདེ་སྐྱིད་ལྡན་པའི“མཁའ་ལམ”གྱིས་ས་མཐོར་ཕན་བདེ་བསྐྲུན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ལྷ་ཉིང་ལྕགས་ལམ་གཉེར་སྐྱོང་བྱས་ནས་ལོ་གཅིག་འཁོར་བའི་སྐོར་བཀོད་པ།

ལྷ་ཉིང་ལྕགས་ལམ་ནི་བོད་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་དེ་ཡིན་ལ་ཁྲོན་བོད་ལྕགས་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ཞིང་། ན་ནིང་ཟླ་6ཚེས་25ཉིན་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཡོད། ལོ་དེའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉིང་ཁྲིའི་མེ་འཁོར་བབས་ཚུགས་སུ་ཕེབས་ནས་གཡག་རྔ་ནས་ཉིང་ཁྲི་བར་གྱི་ལམ་དུམ་འཛུགས་སྐྲུན་སྐོར་གྱི་སྙན་སེང་གསན་པ་དང་། ཆེད་སྤྱོད་མེ་འཁོར་ལ་བཞུགས་ཏེ་ལྷ་ཉིང་ལྕགས་ལམ་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། འབྲེལ་ཡོད་གནད་དོན་ལའང་ཞིབ་འཇུག་གཏིང་ཟབ་གནང་བ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་ས་བཀྲ་ནི་རི་མོ་ཞིག་དང་ཀུན་ནས་མཚུངས། ཀྲུང་གོའི་དབུས་རྒྱུད་དང་། ཤར་རྒྱུད། བྱང་ཤར་ས་ཁུལ་བཅས་ཚང་མ་ནི་ཞིབ་བྲིས་ཟིན་པའི་རི་མོའི་ཆ་ཤས་ཤིག་དང་འདྲ་མོད། འོན་ཀྱང་ནུབ་རྒྱུད་ཀྱི་ཆ་ཤས་སུ་ད་དུང་སྟོང་ཆ་མང་པོ་ལུས་པས། ཕྱིས་འབྱུང་གསབ་འབྲི་བྱས་ན་མཛེས་སྡུག་ལྡན་པའི་ཀྲུང་གོའི་འགྲིམ་འགྲུལ་གྱི་རི་མོ་དེ་བས་མཛེས་པོ་ཞིག་ཆགས་རྒྱུ་རེད”ཅེས་གསུངས་པ་རེད།

ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ནང་གློག་ཁུངས་གཉིས་ལྡན་གྱི་ཤུགས་འགྲེམས་མེ་འཁོར་དུས་གཅིག་ཏུ་སྤྱོད་འགོ་ཚུགས་ཏེ་མཚོ་བོད་ས་མཐོར་ཐེངས་དང་པོ་ཤར་གཏོང་ཐུབ་ནས་བསྐྱར་དར་རྟགས་ཅན་དེ་ཉིད་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ཚང་མར་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་ཁྱབ་ཡོད་པ་རེད། ད་ཆ་གཉེར་སྐྱོང་བྱས་ནས་ལོ་གཅིག་སོང་མཚམས་ཀྱི་ལྷ་ཉིང་ལྕགས་ལམ་ལས་མང་ཚོགས་ཕྱིར་སྐྱོད་པར་སྟབས་བདེ་བསྐྲུན་པ་དང་། ལས་ཞུགས་ལས་གཏོད་ལ་སྐུལ་ཁྲིད་ཐུབ་པ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཐེབས་པ་བཅས་བྱུང་ནས་གངས་ལྗོངས་ས་མཐོའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཏུ་གྱུར་ཡོད།

སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་དང་སྦྲགས། ཉེ་ཆར་གསར་འགོད་པས་ཉིང་ཁྲིའི་མེ་འཁོར་བབས་ཚུགས་སུ་ལོ་གཅིག་གི་རིང་ལྷ་ཉིང་ལྕགས་ལམ་ལས་ང་ཚོར་ཐེབས་པའི་སེམས་འགུལ་དང་བྱུང་བའི་དགའ་སྤྲོ་ཉམས་སུ་མྱོང་བར་སོང་བ་ཡིན།

ལོ་གཅིག་རིང་གི་འགྲུལ་ཟོག་སྐྱེལ་འདྲེན་གཉིས་ཀ་དར་བ།

ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་རྗེས་བོད་ཀྱི་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཏེ་ལྷ་ས་ནས་ཉིང་ཁྲི་བར་གྱི་འགྲུལ་བཞུད་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་པ་དང་ཟོག་འདྲེན་ནུས་པའང་ཆེས་ཆེར་ཆེ་རུ་ཕྱིན་པ་རེད།

“དེ་སྔོན་ལྷ་ས་ནས་ཉིང་ཁྲི་བར་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་བསྡད་ཚེ་ཆུ་ཚོད་ལྔ་དྲུག་འགོར་གྱི་ཡོད། ཤུགས་འགྲེམས་མེ་འཁོར་ཤར་གཏོང་ཐུབ་རྗེས་དེ་བས་མགྱོགས་སུ་ཕྱིན་པ་མ་ཟད། ད་དུང་ཤུགས་འགྲེམས་མེ་འཁོར་ཐོག་ནས་སྟབས་བདེའི་ལས་ཀ་འགའ་སྒྲུབ་ཐུབ་ཀྱི་འདུག”ཅེས་འགྲུལ་པ་ལིའུ་ཐའོ་ཡིས་བཤད། ཁོང་ནི་ལས་ཀའི་དགོས་མཁོའི་དབང་གིས་ལོ་ལྟར་ལྷ་ས་དང་ཉིང་ཁྲིའི་དབར་ཕར་ཚུར་ཐེངས་བཞི་ལྔ་ཙམ་བསྐྱོད་ཀྱི་ཡོད་པས། ཤུགས་འགྲེམས་མེ་འཁོར་ལ་སྡོད་པ་ནི་ཁོང་གི་གདམ་ག་དང་པོར་གྱུར་ཡོད།

ལོ་ཉི་ཤུ་ལྷག་ཙམ་གོང་། སྐབས་དེ་དུས་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན་པའི་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ལྷ་ས་གོང་དཀར་གནམ་ཐང་ནས་ཉིང་ཁྲི་བྲག་ཡིབ་གྲོང་རྡལ་བར་ཉིན་གཅིག་ཏག་ཏག་འགོར་བ་རེད། “སྐབས་དེ་དུས་ལམ་བར་དུ་ཉེན་ཁ་ཧ་ཅང་ཆེན་པོ་འདུག སྟབས་ལེགས་པ་ཞིག་ལ་ལམ་བར་དུ་རི་ཉིལ་བའི་གནོད་འཚེ་འཕྲད་མ་བྱུང་། ལམ་གུ་དོག་པོ་ཞིག་ཏུ་ཤིང་སྡོང་གཉིས་འགྱེལ་འདུག ང་ཚོས་རླངས་འཁོར་ནས་བབས་ཏེ་ལམ་ཟུར་ཞིག་ལ་བསྐྱལ་བ་ཡིན། ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་མེ་ཏོག་རྫོང་དུ་མངགས་སྐབས་རྟ་བཞོན་ནས་འགྲོ་དགོས་ཀྱི་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱིར་དྲན་གནང་བཞིན་གསུངས།

བོད་ཀྱི་རི་བོ་མཐོ་ལ་ལམ་ཐག་རིང་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདི་གའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། འཕྲེད་རྒྱུག་རི་རྒྱུད་འཕྲེད་བཅད་དུ་བཏང་བའི“དུས་རབས་ཀྱི་ལས་གྲྭ”ཁྲོན་བོད་ལྕགས་ལམ་ལ་སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་སོགས་སུ་བཀོད་སྒྲིག་ཐེངས་མང་གནང་བ་རེད། 2021ལོར་བོད་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་ནི་བོད་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད”ཅེས་དང“ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་འདི་ཡག་པོ་བསྐྲུན་དགོས”ཞེས་སླར་ཡང་ནན་བཤད་གནང་བ་རེད། ཁོང་གིས་ལྕགས་ལམ་འཛུགས་སྐྲུན་པར“‘ལམ་གཉིས’ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་དཀའ་སྤྱད་འབད་བརྩོན་བྱས་ཏེ། ལམ་དུམ་རེ་རེ་བཞིན་ལེགས་འགྲུབ་ཡོང་བར་བྱེད་དགོས། ལམ་བསྐྲུན་ན་ཡག་ཤོས་སྐྲུན་དགོས”ཞེས་ལྕག་སྐུལ་གནང་བ་རེད།

ཐུགས་བརྩེ་ཟབ་མོ་དང་མངགས་བཅོལ་ཟབ་མོ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལྕགས་ལམ་ལས་དོན་ལ་བྱམས་བརྩེའི་ཐུགས་ཁུར་དང་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། ཉིང་ཁྲིའི་མེ་འཁོར་བབས་ཚུགས་ཀྱི་ཀྲན་ཀྲང་ཀྲུའུ་ལན་ཞང་གིས། ལོ་གཅིག་རིང་། ཉིང་ཁྲིའི་མེ་འཁོར་བབས་ཚུགས་ཀྱིས་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཏང་ཙུའུ་ཡི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སེམས་ནུས་གཅིག་སྒྲིལ་གྱིས་ལྕགས་ལམ་གྱི་སྒྱུར་བཅོས་འཕེལ་རྒྱས་དང་བདེ་འཇགས་བརྟན་ལྷིང་གི་ལས་དོན་ཁག་ཡག་པོ་བསྒྲུབས་ནས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འབུལ་འོས་པའི་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

2022ལོའི་ཟླ་5ཚེས་16ཉིན་བར། ལྷ་ཉིང་ལྕགས་ལམ་ཐོག་འགྲུལ་པ་628151སྐྱེལ་འདྲེན་བྱས་པ་དང་བབས་ཚུགས་མཐའ་མར་འབྱོར་བའི་འགྲུལ་པ་608545ཟིན་གྱི་ཡོད་པ་རེད། 2022ལོའི་ཟླ་4ཚེས་30ཉིན་བར། ཉིང་ཁྲི་བབས་ཚུགས་སུ་ཟོག་འདྲེན་མེ་འཁོར་གྱི་འཁོར་སྒྲོམ་834ཡིས་ཕབ་པའི་དོས་སྒམ་ཏུན་3528ཟིན་གྱི་ཡོད་པ་རེད།

ལྕགས་ལམ་གཉེར་སྐྱོང་ལས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཐུབ་པ།

འདི་ལོ་ལོ་24ལ་སླེབས་པའི་བུ་མོ་ཨ་ནིང་ནི་ལྷ་ས་དགེ་འོས་ཆེད་ཚན་སློབ་གྲྭ་ནས་ཐོན་པ་དང་། ཁྱིམ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྩིག་རགས་གྲོང་ཚོར་ཡོད་ཅིང་། ཁོ་མོའི་ཁྱིམ་གྱི་སྒོ་ཁ་ནས“ཉིང་ཁྲིའི་བབས་ཚུགས”ཞེས་པའི་ཡིག་འབྲུ་ཆེན་པོ་དག་མིག་ལམ་དུ་མཐོང་གི་ཡོད།

2021ལོར་ལྷ་ཉིང་ལྕགས་ལམ་ཤར་གཏོང་མ་ཐུབ་གོང་། བུ་མོ་ཨ་ནིང་ལས་མི་བསྡུ་ཚོགས་ནང་ཞུགས་ནས་མེ་འཁོར་བབས་ཚུགས་ཀྱི་བདེ་འཇགས་ཞིབ་བཤེར་བ་ཞིག་ཏུ་གྱུར་ཅིང་། ལས་ཀ་གཙོ་བོ་ནི་འགྲུལ་པར་ཁྲིད་སྟོན་དང་འགྲོ་ལུགས་གཉེར་བ་སོགས་ཀྱི་འགན་འཁུར་ནས་ཟླ་རེར་གླ་ཆ་སྒོར་སུམ་སྟོང་ལྷག་ཙམ་ཡོད་པ་རེད།

ཉིན་ནས་ཉིན་བརྒྱུད་ཀྱི་བདེ་འཇགས་ཞིབ་བཤེར་ལས་ཀ་ནི་ཆོ་མེད་ཅིག་ཏུ་སྣང་མོད། འོན་ཀྱང་བུ་མོ་ཨ་ནིང་གིས་དོན་སྙིང་ཆེན་པོ་ལྡན་པར་སྙམ་གྱི་ཡོད། ཁོ་མོས“ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་རག་པ་མ་ཟད། ད་དུང་ཕ་མར་ལྟ་རྟོག་ཀྱང་ཐུབ་པས་དངོས་འབྲེལ་ཡག་པོ་འདུག ཉིན་ལྟར་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ངོ་གདོང་མི་འདྲ་བ་མཐོང་སྐབས་ཧ་ཅང་དགའ་པོ་འདུག”ཅེས་བཤད།

ལས་ཀའི་ཞོར་དུ་བུ་མོ་ཨ་ནིང་གིས་ཨ་མར་ཇ་ཁང་གཉེར་རོགས་བྱེད་ཅིང་། ཁོ་མོས་གསར་འགོད་པར་དེ་སྔ་ཁྱིམ་གྱི་ཇ་ཁང་དུ་ཉིན་ལྟར་མི་བཅུ་ཉི་ཤུ་ལས་མེད་པ་དང་མང་ཆེ་བ་ནི་ཉེ་འཁོར་གྱི་མི་རེད། ལྕགས་ལམ་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་མང་དུ་སོང་ཡོད་ལ་མེ་འཁོར་བབས་ཚུགས་ཀྱི་ལས་དོན་མི་སྣ་ཡང་འདི་གར་ཁ་ལག་ཟ་བར་ཡོང་གི་ཡོད་པས་ཉིན་ལྟར་མི་50ལྷག་ཙམ་ཟིན་གྱི་འདུག་ཅེས་བཤད།

བུ་མོ་ཨ་ནིང་དང་འདྲ་བར་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་གྲོང་མི་མི་ཉུང་བ་ཞིག་གིས་གོ་སྐབས་དེར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ་འབབ་འཕར་ཕྱུག་འགྱུར་བྱུང་ཡོད། མེ་འཁོར་བབས་ཚུགས་ནས་བར་ཐག་སྤྱི་ལེ་25ཆོད་པའི་ཀ་ལ་གྲོང་ཚོ་ནི་ཁམ་བུའི་མེ་ཏོག་ལས་སྐད་གྲགས་ཆོད་ཡོད། ལྷ་ས་ནས་ཉིང་ཁྲི་བར་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཡུལ་སྐོར་བ་དེ་བས་མང་བ་དེ་གར་ཡོང་གི་ཡོད། “ལོ་ལྟར་ཡུལ་སྐོར་དུས་ཚིགས་སུ་སླེབས་སྐབས་ཚང་མས་ཁམ་བུའི་མེ་ཏོག་དང་པད་ཁའི་མེ་ཏོག་ལ་བདག་སྐྱོང་དང་། དམངས་སྲོལ་གནས་ཚང་ལ་ཁྱིམ་ཆས་སྒྲིག་པ། ཚོང་ཁང་གིས་སྔ་སྣུར་དུ་ཚོང་ཟོག་གྲ་སྒྲིག་བཅས་བྱེད་ཀྱི་ཡོད། ངའི་སྒོ་རའི་ནང་གི་ཁམ་བུ་དང་། ལི་ཙི། ཀུ་ཤུ་སོགས་ཡུལ་སྐོར་བས་ཧབ་ཐོབ་བརྒྱབ་ནས་ཉོ་གི་འདུག” ལྷ་ཉིང་ལྕགས་ལམ་ལས་གྲོང་ཚོར་བྱུང་བའི་ཡུལ་སྐོར་གྱི་ཕན་འབྲས་ལ་ཀ་ལ་གྲོང་ཚོའི་གྲོང་མི་ཟླ་བ་རྒྱལ་མཚན་ཧང་སངས་ཀྱི་མེད། ཁོང་གིས་ས་མཐོའི་ཤུགས་འགྲེམས་མེ་འཁོར་གྱིས་མང་ཚོགས་སྣེ་ཁྲིད་དེ་དེ་བས་བདེ་སྐྱིད་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།

ཞབས་ཞུ་སྤུས་ལེགས་ལ་བརྟེན་ནས་འགྲུལ་པ་ཕྱིར་སྐྱོད་ཀྱི་བདེ་འཇགས་འགན་ལེན་བྱས་པ།

ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་90%ཡན་ཚང་མ་ས་བབ་མཐོ་ཚད་སྨི་3000ཡན་དུ་གནས་པ་དང་། ཡར་ཀླུང་གཙང་པོར་ཐེངས་16སྒྲོལ་བའི་ཁར། ལམ་ཐིག་ཧྲིལ་པོར་ཁྱོན་ཕུག་ལམ་47དང་ཟམ་པ་121ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། རྒྱལ་ཁབ་ལྕགས་ལམ་ཚོགས་པས་ཆེད་མངགས་ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུར་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ནང་གློག་ཁུངས་གཉིས་ཤུགས་འགྲེམས་མེ་འཁོར་ཞིག་བཟོས་པ་དེའི་སྣེ་གཅིག་ནི་གློག་ཤུགས་ལ་བརྟེན་པ་དང་སྣེ་གཞན་ཞིག་ནི་ནང་འབར་འཕྲུལ་འཁོར་ལ་བརྟེན་ནས་སྒུལ་གྱི་ཡོད་པས་གློག་རླངས་ཅན་དང་གློག་རླངས་ཅན་མིན་པའི་ལམ་ཐིག་ཏུ་རང་གར་བརྗེ་ཆོག་པ་མ་ཟད། རིམ་སྤོར་སྒྱུར་བཀོད་བྱས་རྗེས་བསྐྱར་དར་རྟགས་ཅན་གྱིས་ད་དུང་འགྲུལ་པའི“ལ་དུག”གི་སེམས་ཁྲལ་དང་དཀའ་ངལ་ཡང་རྦད་དེ་བསལ་ཡོད་པ་རེད།

མྱུར་བགྲོད་ཤུགས་འགྲེམས་མེ་འཁོར་གྱི་འཁོར་སྒྲོམ་ནང་མེ་འཁོར་གྱི་འཕྲུལ་ཆས་མཁས་ཅན་ཝང་ཝུའེ་ཐའོ་ཡིས་སྐོར་ཞིབ་ལས་དོན་སྤེལ་འགོ་ཚུགས་པ་སྟེ། དྲོད་སྙོམས་འཕྲུལ་ཆས་གློག་སྡེབ་སྒམ་ཁ་ཕྱེ་ནས་ལྷུ་ལག་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་། ལྡིར་སོ་སྤྲོས་ཆས་ཁང་དུ་བསྐྱོད་ནས་འཁོར་སྐྱོད་གྲངས་གཞིར་ལྟ་ཞིབ་བྱེད་པ། བརྒྱུད་ལམ་ཐོག་རླུང་འགོག་སྒོའི་གནས་ཚུལ་ལ་ཞིབ་བཤེར་བྱེད་ཀྱི་ཡོད།

འཁོར་སྒྲོམ་ལ་ལྟ་ཞིབ་བྱེད་སྐབས། ཁོང་གིས་ད་དུང་འཁོར་སྒྲོམ་ཁག་གི་གསང་སྤྱོད་དང་དྲོད་སྙོམས་འཕྲུལ་ཆས་ཀྱི་དྲོད་ཚད་དང་དེ་བཞིན་གློག་ཆས་དང་སྒྲིག་ཆས་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་མིན་ལ་ཞིབ་བཤེར་བྱེད་དགོས་ཀྱི་ཡོད་པ་རེད།

“ཆེ་ས་མེ་འཁོར་འཁོར་སྐྱོད་ཀྱི་བདེ་འཇགས་དང་ཆུང་ས་ཆུ་ཚ་གྲང་ལྟ་བ་བཅས་ཚང་མ་ང་ཚོའི་ལས་ཀ་རེད། ཞིབ་བཤེར་ནན་པོ་བྱས་ནས་གནས་ཚུལ་ཚང་མར་གནད་དོན་མི་ལྷག་པའི་འགན་ལེན་བྱས་ཚེ། གཞི་ནས་འགྲུལ་པ་བདེ་འཇགས་ངང་ཕྱིར་སྐྱོད་པར་འགན་ལེན་ཐུབ”ཅེས་ཝང་ཝུའེ་ཐའོ་ཡིས་བཤད།

མེ་འཁོར་ཐོག་ལས་གོས་གྱོན་པའི་མེ་འཁོར་ཞབས་ཞུ་བས་འཁོར་སྒྲོམ་ལ་སྐོར་ཞིབ་བྱེད་པ་ཡང་སེ་མཐོང་རྒྱུ་ཡོད། བགྲེས་སོང་འཕྲད་སྐབས་རང་འགུལ་ངང་བབས་ཚུགས་སུ་སླེབས་པའི་དུས་ཚོད་སྐད་ཆ་དྲིས་ནས་འགྲུལ་པར་བབས་ཚུགས་མ་སླེབས་གོང་གྲ་སྒྲིག་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད།

འདི་ལོ་ལོ་24ལ་སླེབས་པའི་ཆིའུ་ཧུང་གཡོད་ནི་ལྷ་ཉིང་ལྕགས་ལམ་ཤུགས་འགྲེམས་མེ་འཁོར་ཐོག་གི་ལོ་ཆུང་ཤོས་ཀྱི་མེ་འཁོར་འགོ་གཙོ་རེད། ཉིན་གཅིག་གི་དུས་ཚོད་མང་ཆེ་བ་ཕར་འགྲོ་ཚུར་འོང་ལ་ཟད་འགྲོ་གི་ཡོད། བབས་ཚུགས་སུ་མེ་འཁོར་བསུ་བ་དང་། བབས་ཚུགས་སུ་བསྐྱོད་དེ་འགྲུལ་པ་བསུ་བ། རྩིས་སྤྲོད་རྩིས་ལེན་སྣ་ཚོགས་བྱེད་པ། འཁོར་སྒྲོམ་དུ་སྐོར་ཞིབ། མེ་འཁོར་སྤ་སེ་ཞིབ་བཤེར་སོགས་བྱེད་པ་མ་ཟད། ད་དུང་ཡུལ་སྐོར་བའི་འདྲི་རྩད་དང་སྤ་སེ་གསབ་སྤྲོད་ཀྱི་རེ་བར་ཡང་ཁ་ཡ་བྱེད་དགོས་ཀྱི་ཡོད། མ་གཞི་ལས་བྲེལ་ཆེ་ཡང་མེ་འཁོར་གྱི་འགོ་གཙོ་དང་དེ་བཞིན་མེ་འཁོར་གྱི་ཞབས་ཞུ་བ་ཚོས་འབད་བརྩོན་ཧུར་ཐག་བྱས་ནས་འགྲུལ་པར“མི་དམངས་ལྕགས་ལམ་གྱིས་མི་དམངས་ལ་ཞབས་ཞུ་སྒྲུབ་པའི”དྲོ་སྐྱིད་ཚོར་ཐུབ་པར་བྱས་ཡོད།

མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་ས་མཐོར་ཤར་གཏོང་ཐུབ་པའི་བར་བོད་ཀྱིས་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཚུད་པའི་ཕྱོགས་བསྡུས་སྣ་མང་འགྲིམ་འགྲུལ་དྲ་བ་བཙུགས་ཡོད། ད་ཆ་བོད་ཀྱི་མི་རིགས་ཁག་གི་མི་དམངས་དང་འཛམ་གླིང་ཡོངས་ཀྱི་སྐྱེ་བོ་རྣམས“བསྐྱར་དར་རྟགས་ཅན་ལ་བསྡད་ནས་ལྷ་སར་བསྐྱོད་པའི”ཕུགས་འདུན་མངོན་འགྱུར་བྱུང་ཡོད། ངོ་མཚར་ཆེ་བའི“མཁའ་ལམ”དེ་མི་རིགས་ཁག་དབར་འབྲེལ་གཏུག་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་མཐའ་མཚམས་བརྟན་ལྷིང་བརྟན་དུ་གཏོང་བའི་མཐུན་སྒྲིལ་གྱི་ལམ་བུ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་འཕེལ་རྒྱས་ཀྱི་ལམ་བུར་གྱུར་ཡོད།

མཚོ་བོད་ཚོགས་པ་ཀུང་སི་གོར་མོ་འཕྲུལ་དོན་དུམ་བུའི་འཁོར་ཁང་དང་པོ་དང་ལྷ་ཉིང་ཤུགས་འགྲེམས་མེ་འཁོར་གྱི་མཛུབ་ཁྲིད་ཚོགས་ཆུང་གི་ཁ་ལོ་བ་ཝོན་ཀོང་ཆིས་ཀྱང་ལྷ་ས་ནས་ཁྲེང་ཏུའུ་བར་གྱི་མེ་འཁོར་སྔ་ཙམ་ཤར་གཏོང་ཐུབ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།