ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལོ14ཡི་རིང་གངས་ལྗོངས་ས་མཐོའི“མཁའ་ལམ”སྲུང་སྐྱོང་རྒྱུན་འཛིན་གྱི་ལས་ལ་གཞོལ་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ནག་ཆུ་ཉིང་ལག་རུ་ཁག་གི་ལས་སྒྲུབ་རུ་འབྲིང་གསུམ་པའི་སྐོར་བཀོད་པ།

2008ལོར“མཁའ་ལམ”གྱི་བདེ་འཇགས་འགན་ལེན་བྱ་ཆེད། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ནག་ཆུ་ཉིང་ལག་རུ་ཁག་གི་ལས་སྒྲུབ་རུ་འབྲིང་གསུམ་པའི་དཔོན་དམག་ཚོ་ས་བབ་མཐོ་ཚད་སྨི་5061ཟིན་པའི་གདང་ལའི་སྒར་སར་བཅའ་སྡོད་བྱས།

བཅའ་སྡོད་བྱ་ཡུལ་དུ་ཐོག་མར་འབྱོར་སྐབས། ཚང་མ་མིག་མདུན་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ལ་ཡིད་དབང་འཕྲོག་པར་གྱུར་མོད། འོན་ཀྱང་ཡུན་རིང་མ་སོང་བར་མང་ཆེ་བར་ལ་དུག་ཕོག་པ་དང་ཐ་ན་འཐབ་འཛིང་པ་ལ་ལར་གློ་བར་ཆུ་བསགས་ནས་སྨན་ཁང་ལ་མི་འགྲོ་ཀ་མེད་བྱུང་བ་རེད།

“བཅའ་སྡོད་བྱ་ཡུལ་གྱི་ཁོར་ཡུག་དངོས་འབྲེལ་དཀའ་ཚེགས་ཆེན་པོ་འདུག འོན་ཀྱང་ང་ཚོ་དཔོན་དམག་ཚང་མས‘མི་དམངས་དྲག་ཆས་ཉེན་རྟོག་པས་མི་དམངས་ལ་ཞབས་འདེགས་ཞུ། མི་དམངས་དྲག་ཆས་ཉེན་རྟོག་པས་མི་དམངས་ལ་དགའ་ཞེན་བྱེད’ཅེས་པའི་དམ་བཅའ་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བཞིན་ཡོད། མེས་རྒྱལ་གྱི་ས་ཕྱོགས་གང་དུ་དགོས་མཁོ་ཡོད་ཚེ་དེ་གར་ང་ཚོའི་སོ་ལྟ་བྱ་ཡུལ་ཡིན”ཞེས་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ནག་ཆུ་ཉིང་ལག་རུ་ཁག་གི་ལས་སྒྲུབ་རུ་འབྲིང་གསུམ་པའི་ཁྲིད་སྟོན་པ་ལི་མིང་ཧུའེ་ཡིས་བཤད།

2016ལོའི་ལོ་སྟོད་དུ། གདང་ལའི་ཁུལ་དུ་གངས་ཆེན་པོ་བསྟུད་མར་བབས་ཏེ་རྒྱལ་ལམ་109ལམ་རྒྱུད་ཀྱི་གདང་ལའི་དུམ་བུར་འཁྱགས་པ་ཕོན་ཆེན་ཆགས་ནས་སྤྱི་ལེ་30ལྷག་ཙམ་གྱི་སར་རླངས་འཁོར་འགག་པ་དང་མི་ཆིག་སྟོང་ལྷག་ཙམ་རང་སར་ལུས།

བཀའ་རྒྱ་འབྱོར་མ་ཐག་ལས་སྒྲུབ་རུ་འབྲིང་གསུམ་པས་འཕྲལ་མར་དཔོན་དམག་སྒྲིག་འཛུགས་བྱས་ནས་དེ་གར་ལུས་པའི་མིར་ཆུ་དང་སྨན། མ་གཞི་ནས་དཀོན་པའི་སྔོ་ཚལ་དང་ཤིང་འབྲས་ཀྱང་སྤྲད་པ་དང་། ལ་དུག་ཕོག་མཁན་རུ་འབྲིང་དུ་གསོ་རླུང་རྔུབ་པར་ཁྲིད།

རུ་འབྲིང་གི་རྒྱལ་སྒོའི་མདུན་གྱི་སྒོ་བྱང་སྟེང་བྲིས་པའི“དཀའ་ངལ་འཕྲད་ན་དྲག་ཆས་ཉེན་རྟོག་པ་འཚོལ”ཞེས་པ་བཞིན་རུ་འབྲིང་གི་དཔོན་དམག་ཚོས་དུས་དང་རྣམ་པ་ཀུན་དུ་ཁོང་ཚོའི་དམ་བཅའ་ལག་བསྟར་བྱས་དང་བྱེད་མུས་རེད། དཀའ་ངལ་ཕྲད་པའི་མང་ཚོགས་ལ་རོགས་རམ་བྱེད་པ་ཕུད། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ནག་ཆུ་ཉིང་ལག་རུ་ཁག་ལས་སྒྲུབ་རུ་འབྲིང་གསུམ་པའི་རྒྱུན་གཏན་གྱི་ལས་ཀ་ནི་སྐོར་གཡེང་བྱེད་རྒྱུ་དེ་རེད།

སྐོར་གཡེང་བྱེད་རིམ་བཞིན་སྐོར་གཡེང་ཚོགས་ཆུང་གིས་མཚོ་བོད་ལྕགས་ལམ་བྲག་སྨུག་ནས་ཨ་མདོ་བར་གྱི་དུམ་བུའི་གཙོ་གནད་ཞིབ་བཤེར་བྱ་ཡུལ་30ལ་ཞིབ་བཤེར་བྱེད་དགོས་པ་ལས། རྐང་ཐང་མར་སྐོར་གཡེང་བྱ་ཡུལ་5དང་ལྟ་ཞིབ་བྱེད་དགོས་པའི་ཟམ་པའི་སྦྲེལ་ཚུགས་དང་ས་འོག་ཆུ་འགྲོ་300ལྷག་ཙམ་ཡོད། གཞན་ཡང་ལམ་རྒྱུད་ཀྱི་ལྕགས་དྲར་སྐོར་གཡེང་དཔོན་དམག་ཚོས་ལག་པས་སྲོག་ཆགས་སམ་ཡང་ན་གངས་རླུང་གིས་གཏོར་སྐྱོན་བཏང་ཡོད་མེད་ལ་ལྟ་དགོས་པ་དང་། གློག་ལམ་སྒྲིག་ཆས་ཚང་མར་གནས་ཚུལ་ཡོད་མེད་ལ་ཞིབ་ཕྲ་ལྟ་དགོས་ཀྱི་ཡོད།

དུས་ཚོད་ཉིན་རེ་བཞིན་མ་འདས་པ་དང་བསྟུན་ནས་འཐབ་འཛིང་བ་ཚོའང་ཁག་རེ་རེ་བྱས་ཏེ་དམག་མིར་ཞུགས་མཁན་དམག་མིར་ཞུགས་པ་དང་དམག་ཞབས་ཐིམ་རིགས་ལོག་འགྲོ་གི་ཡོད། འོན་ཀྱང་འགྱུར་བ་མེད་པ་ནི་དཔོན་དམག་ཚོས་ལོ་བཅུ་གྲངས་ཉིན་གཅིག་ལྟར“མཁའ་ལམ”བརྟན་པོ་སྲུང་བཞིན་ཡོད།

ཧྲན་ཏུང་ནས་ཡིན་པའི་ཞ་ཧྲི་ལིའུ་ཁྲའོ་ཡིས་རང་ཉིད་ལ་སྦྱོང་བརྡར་སྤྲོད་ཆེད་དམག་དུས་ལ་ཞུགས་པའི་གདམ་ག་བྱས། རྒྱལ་ཡོངས་ཀྱི་དམག་བསྡུའི་མིང་ཐོ་དྲ་ཐོག་ནས་འགོད་སྐབས། ཁོང་གིས“དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ཏུ་དམག་ཞབས་ཞུ་བའི”གདམ་ག་བྱས་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་དྲག་ཆས་ཉེན་རྟོག་དཔུང་སྡེ་ཚང་མའི་ཁྲོད་ནས་ཁོར་ཡུག་དཀའ་ཚེགས་ཆེ་ཤོས་ཀྱི་ཚན་པའི་གྲས་སུ་ལས་བགོས་བརྒྱབ།

ལིའུ་ཁྲའོ་རུ་འབྲིང་དུ་ཐོག་མར་འབྱོར་སྐབས། འཐབ་གྲོགས་ཚོས་མེ་འཁོར་ཡོང་སྐབས་མེ་འཁོར་ལ་གུས་འདུད་ཞུ་དོན་གང་ཡིན་ཤེས་ཀྱི་མེད། པན་ཀྲང་ཐན་ཐིང་ཤིང་གིས“སོ་དམག་གིས་མེ་འཁོར་ཡོང་རིམ་བཞིན་གུས་འདུད་ཞུ་དོན་ནི་མེས་རྒྱལ་དང་མི་དམངས་ལ་གདང་ལའི་མཐིལ་དུ་གོས་ལྗང་གུ་གྱོན་པའི་ན་གཞོན་ཁྱུ་གཅིག་གིས‘སྲོག་རྩ’ལྟར་གྱི་མཁའ་ལམ་བསྲུངས་ནས་བདེ་འཇགས་ངང་ཤར་གཏོང་ཐུབ་པ་བྱེད་ལུགས་སྙན་སེང་ཞུ་བ་དང་། མེ་འཁོར་གྱི་ཁ་ལོ་བས་དུང་བརྡ་བསྒྲགས་ནས་ཨ་ལན་སློག་པ་ནི་མཁའ་ལམ་བརྟན་པོར་སྲུང་མཁན་དཔོན་དམག་ཚོར་གུས་འདུད་ཞུས་པ་ཞིག་རེད”ཅེས་བཤད།

2021ལོའི་གནམ་གང་གི་དགོང་མོར་ལིའུ་ཁྲའོ་དང་འཐབ་གྲོགས་ཚོ་སྐོར་གཡེང་བྱེད་སྐབས་མེ་འཁོར་བྱ་འཕུར་བ་ལྟར་ཡོང་བ་མཐོང་འཕྲལ། ཁོ་ཚོས་གངས་རླུང་གི་ཁྲོད་དུ་ལངས་ཏེ་སྒམ་བརླིང་ངང་ལག་གཡས་པ་བཀྱགས་ནས་གུས་འདུད་ཞུ་བཞིན“མེས་རྒྱལ་ཞི་བདེ་དང་ཁྱིམ་ཚང་འཆམ་མཐུན་ཡོང་བའི་སྨོན་འདུན་ཞུ”ཞེས་སྐད་གསང་མཐོན་པོས་བརྗོད་ཀྱི་ཡོད།

སྐབས་དེ་དུས་ལིའུ་ཁྲའོ་ཡིས“མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་སྐྱོད”པའི་ནང་དོན་གཏིང་ཟབ་རྟོགས།

དམག་ཞབས་ཐིམ་རྗེས། ལིའུ་ཁྲའོ་ཡིས་མུ་མཐུད་དེ་གར་བསྡད་ནས་ལྕགས་ལམ་སྲུང་སྐྱོང་བ་ཞིག་བྱེད་པའི་སེམས་ཐག་བཅད་ཅིང་། “ངའི་གྲུབ་འབྲས་ཆེ་ཤོས་ནི་ས་མཐོ་དང་གདང་ལར་ཡོང་ནས‘མཁའ་ལམ’སྲུང་མཁན་འཐབ་འཛིང་བ་ཞིག་ཏུ་གྱུར་པ་འདི་ཡིན”ཅེས་བཤད་པ་དང་། ཁོང་གིས“ང་རང་འདི་གར་འཚར་ལོངས་བྱུང་བས། ངས་འགན་འཁྲི་བློ་ལ་བརྟན་པོར་ངེས་ཏེ་ལས་གནས་བརྟན་པོ་སྲུང་གི་ཡིན”ཞེས་བཤད།

བཅར་འདྲི་མཇུག་འགྲིལ་རྗེས། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ནག་ཆུ་ཉིང་ལག་རུ་ཁག་ལས་སྒྲུབ་རུ་འབྲིང་གསུམ་པར་སླར་ཡང་དམག་མི་གསར་པ་ཁག་གཅིག་འབྱོར་བ་དང་། རུ་འབྲིང་གིས་གདང་ལའི་དྲན་གསོའི་རྡོ་རིང་གི་མདུན་དུ་ཁོ་ཚོ་རུ་ཁག་ཏུ་ཞུགས་པའི་མཛད་སྒོ་འཚོགས་པ་རེད། དེ་དང་ཐག་མི་རིང་བའི་ས་ནས་མེ་འཁོར་གྱི་དུང་བརྡ་གྲགས་པ་དང་བསྟུན་མཁའ་དབྱིངས་དང་ཐག་ཉེ་ཤོས་ཀྱི་སྐོར་གཡེང་ལམ་བུ་དེ་མུ་མཐུད་སྲུང་སྐྱོང་རྒྱུན་འཛིན་བྱེད་འགོ་ཚུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།