ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྐྱིད་གྲོང་རྫོང་ཤག་གྲོང་ཚོའི་མང་ཚོགས་ཀུན་བཟང་གིས་བརྗོད་དོན“མི་རབས་ནས་མི་རབས་བར་མེས་རྒྱལ་གྱི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས”

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཡུ་འབྲུག་འཁྱུག་པ་ལྟར་ཀྱག་ཀྱོག་གི་རི་ལམ་བརྒྱུད་ནས་ལ་ཀླུང་བརྒལ་ཚེ་གྲོང་མིའི་སྡོད་ཁང་ཉི་ཤུ་ལྷག་ཙམ་མཐོང་རྒྱུ་ཡོད། འདི་ནི་སྐྱིད་གྲོང་རྫོང་རྫོང་དགའ་གྲོང་རྡལ་ལྷོ་ནུབ་ཕྱོགས་སུ་གནས་པའི་མཐའ་མཚམས་གྲོང་ཚོ་སྟེ། ཤག་གྲོང་ཚོ་ཡིན།

“རྒྱལ་གཅེས་མཐའ་སྲུང་བྱ་རྒྱུ་ནི་ང་ཚོའི་བླ་ན་མེད་པའི་འགན་འཁྲི་ཡིན” འདི་ནི་ཤག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུན་བཟང་གི་ཁ་རྒྱུན་གྱི་སྐད་ཆ་ཞིག་རེད། ཁོང་གི་ངག་སློབ་དཔེ་སྟོན་འོག་ཤག་གྲོང་ཚོའི་མཐའ་སྲུང་མཐའ་བརྟན་གྱི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་འགྲོ་བཞིན་ཡོད་པ་དང་། བུ་རྒན་པ་བསོད་ནམས་སྟོབས་རྒྱལ་དང་བུ་གཞོན་པ་འཕྲིན་ལས་ནོར་བུ་གཉིས་ཀྱིས་ཀྱང་ཀུན་བཟང་གི་ཕུགས་བསམ་དང་དད་སེམས་རྒྱུན་འཛིན་བྱས་ཏེ་མཐའ་མཚམས་སྲུང་བའི་སྲུང་དམག་ཏུ་གྱུར་པ་རེད།

1983ལོ་ནས་ད་བར་ཀུན་བཟང་གིས་སྔ་རྗེས་སུ་མཉམ་འགོག་རུ་དཔོན་དང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སོགས་ཀྱི་གོ་གནས་ཁུར་ནས་མཐའ་མཚམས་སྲུང་བའི་ལས་ཀ་ལོ་39ཏག་ཏག་རྒྱུན་མཐུད་བྱས། ལོ་ལྟར་ཁོང་གིས་དུས་བཀག་དང་དུས་ངེས་མེད་ཐོག་རུ་སྣེ་ཁྲིད་དེ་སྤྱི་ལེ་40ཙམ་གྱི་ས་མཚམས་ལམ་ཐིག་ཏུ་སྐོར་གཡེང་བྱེད་ཀྱི་ཡོད།

2002ལོར་ཀུན་བཟང་གིས་མཐའ་སྲུང་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་སློབ་སྦྱོང་བྱེད་འགོ་བཙུགས་པ་དང་འབྲེལ་གྲོང་ཚོ་དང་། འབྲོག་ར། སྐོར་གཡེང་ལམ་ཐིག་བཅས་སློབ་སྦྱོང་བྱ་ཡུལ་དུ་བྱས་ནས་ནང་མི་དང་མང་ཚོགས་སྒྲིག་འཛུགས་དང་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་མཐའ་སྲུང་མཐའ་བརྟན་ནང་ཞུགས་སུ་འཇུག་གི་ཡོད། 

བསོད་ནམས་སྟོབས་རྒྱལ་ལོ་13ལ་སླེབས་སྐབས། ཀུན་བཟང་གིས་མཐའ་མཚམས་སྐོར་གཡེང་དང་མཐའ་སྲུང་ལ་ཁྲིད་ཀྱི་ཡོད། ཀུན་བཟང་གིས་བསོད་ནམས་སྟོབས་རྒྱལ་ལ“བུ། ལྟོས་དང་། ཕ་གི་ནི་ནེ་པ་ལ་དང་། འདི་གར་ང་ཚོ་ཀྲུང་གོ་རེད། ང་ཚོ་མི་རབས་ནས་མི་རབས་ཚང་མ་ཀྲུང་གོ་བ་རེད། ང་ཚོས་ཕ་ཡུལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་ཤོད་ཀྱི་ཡོད།

བསོད་ནམས་སྟོབས་རྒྱལ་གྱིས་པཱ་ལགས་ཀྱི་བཀའ་སློབ་ཉན་ནས་ཀྲུང་གོ་ཞེས་པའི་ཡིག་འབྲུ་གཉིས་པོ་སེམས་ལ་བརྟན་པོར་ངེས་པ་མ་ཟད། ཆེན་པོ་ཆགས་རྗེས་པཱ་ལགས་ལྟར་གྱི་མཐའ་སྲུང་བ་ཞིག་བྱས་ཏེ། ཕ་ཡུལ་གྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱེད་པའི་སེམས་ཐག་བཅད། ད་ཆ་ལོ་33ལ་སླེབས་པའི་བསོད་ནམས་སྟོབས་རྒྱལ་མཐའ་སྲུང་གི་ལས་རོགས་ཉེན་རྟོག་པ་ཞིག་ལ་གྱུར་པ་དང་། 2017ལོར་འཕྲིན་ལས་ནོར་བུ་རང་འགུལ་ངང་ཡུལ་དམག་འདེམས་བསྐོར་ཞུགས་ནས་ཡུལ་དམག་དཔུང་ཁག་གི་གྲས་ཤིག་ཏུའང་གྱུར་ཡོད།

ཀུན་བཟང་གི་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ཀྱི་ཤུགས་རྐྱེན་འོག ཉེ་བའི་ལོ་ཤས་རིང་ཤག་གྲོང་ཚོའི་མཐའ་སྲུང་སྐོར་གཡེང་རུ་ཁག་གི་མི་གྲངས་ཐོག་མའི་མི་3ནས་ད་ཆའི་18བར་མང་དུ་སོང་ཡོད།

མཐའ་མཚམས་སྲུང་བ་དང་ཆབས་ཅིག ཀུན་བཟང་གིས་གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་གི་འགན་འཁྲི་དང་མང་ཚོགས་ཀྱི་སེམས་ཁྲལ་གསལ་པོ་ཤེས་ཀྱི་ཡོད། ཡུལ་མི་རྣམས་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་ཚེ། གཞི་ནས་མཐའ་སྲུང་གི་གདེང་ཚོད་དེ་བས་ཆེ་རུ་འགྲོ་ཐུབ།

དེར་བརྟེན་ཀུན་བཟང་གིས་གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་དང་མཉམ་དུ་ཤག་གྲོང་ཚོའི་ཡུལ་ཁམས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་འབབ་འཕར་ཕྱུག་འགྱུར་གྱི་བྱ་ཐབས་ཇུས་འགོད་བྱས་ཡོད།

ཤག་གྲོང་ཚོའི་མཐའ་མཚམས་ཚོང་དོན་འཕེལ་རྒྱས་བྱུང་ནས་ཡུན་རིང་སོང་བ་དང་། གྲོང་ཚོ་འཕེལ་རྒྱས་ཡག་པོ་གཏོང་དགོས་ན་མཐའ་མཚམས་ཚོང་དོན་ལ་ཤུགས་སྣོན་རྒྱག་དགོས། འོན་ཀྱང་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་དང་ཉོ་ཚོང་ཐབས་ཆག་ཡིན་པའི་རྐྱེན་གྱིས་ཤག་གྲོང་ཚོའི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཚོད་འཛིན་བཟོ་བཞིན་ཡོད།

ཤག་གྲོང་ཚོའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། ཀུན་བཟང་གིས་གོང་རིམ་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་པ་དང་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད། 2018ལོར་སྐྱིད་གྲོང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་4000དོན་འཁྱོལ་བྱས་ཏེ་རྒྱལ་ལམ་216ནས་ཤག་གྲོང་ཚོའི་བར་གྱི་ཨར་འདམ་ལམ་བཟོས་པ་དང་། ལོ་དེའི་ཟླ་4པར་སླར་ཡང་མ་དངུལ་སྒོར་ཁྲི་240བཏང་ནས་མཐའ་མཚམས་ཚོང་དོན་ཁྲོམ་ར་བསྐྲུན་པ་རེད།

ལོ་དེར་ཤག་གྲོང་ཚོའི་ཡུལ་མིའི་ལོའི་ཚོང་དོན་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་22ཀྱི་མི་104ལ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་2500བྱུང་ཡོད།

2019ལོའི་ཟླ་3པར་ཤག་གྲོང་ཚོས་མཐའ་མཚམས་ཚོང་དོན་མཉམ་ལས་ཁང་བཙུགས་ཏེ་རྒྱལ་ནང་གི་ཨར་འདམ་དང་སྦི་རག་སོགས་ཚོང་ཟོག་ནེ་པ་ལར་ཕྱིར་ཚོང་བྱས་པ་དང་། ལོ་མཇུག་ཏུ་མཉམ་ལས་ཁང་གིས་ཡོང་འབབ་གྲོང་ཚོ་ཡོངས་ཀྱི་ཡུལ་མིར་བགོ་བཤའ་རྒྱག་གི་ཡོད། འདི་ལོའི་ཟླ་2པར་ཤག་གྲོང་ཚོའི་མཐའ་མཚམས་ཚོང་དོན་མཉམ་ལས་ཁང་གིས་2019ལོ་དང་2020ལོའི་གྲོང་ཚོའི་མཉམ་སྡེབ་ཀྱི་འདོན་འཇུག་འཕྲུལ་འཁོར་གྱི་བོགས་དངུལ་བགོ་འགྲེམས་བརྒྱབ་པར་དུད་ཚང་རེར་ཡོང་འབབ་སྒོར་8200ཙམ་བྱུང་ཡོད།

ཀུན་བཟང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2021ལོར་ཤག་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་18867ཟིན་པས་ཡུལ་མི་ཚོའི་འཚོ་བ་ཡག་ཏུ་འགྲོ་བཞིན་ཡོད།

མང་ཚོགས་ཀྱི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་པ་དང་། ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བ། མཐའ་སྲུང་མཐའ་བརྟན་གྱི་ཡིད་ཆེས་སྔར་བས་ཆེ་རུ་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་གོམ་ཞེང་ཆེན་པོས་སྐྱོད་བཞིན་ཡོད། “རྒྱལ་ཁབ་སྟོབས་ཆེན་ཞིག་གི་རྒྱབ་རྟེན་མེད་ན། ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད། ང་ཚོས་མི་རབས་ནས་མི་རབས་བར་མེས་རྒྱལ་གྱི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་དགོས”ཞེས་ཀུན་བཟང་གིས་བློ་རྩ་བརྟན་པོས་གསར་འགོད་པར་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།