ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱི་གྲོང་ཁྱེར་གསུམ་རྒྱལ་ཡོངས་ཀྱི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་མིང་ཐོར་བཀོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། 2021ལོའི་བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་ཤིང་། གསར་འགོད་པས་ཤེས་གསལ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”རིང་རྒྱལ་ཡོངས་ཀྱིས་རེས་སྐོར་གསར་བའི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ལས་དོན་སྤེལ་མགོ་ཚུགས་པ་དང་། བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ཐེངས་འདིའི་འཛུགས་སྐྲུན་མིང་ཐོ་ནང་བཀོད་ཡོད།

བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཧྲུའེ་ཡན་ཕིང་གིས་ངོ་སྤྲོད་བྱས་པ་ལྟར་ན། “‘སྙིགས་རོ་མེད་པའི་གྲོང་ཁྱེར’ནི་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་གསར་བ་ཁྲིད་སྟོན་དུ་བྱས་ཏེ། ལྗང་མདོག་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་རོལ་སྟངས་གྲུབ་པར་སྐུལ་འདེད་བཏང་བ་བརྒྱུད། སྲ་གཟུགས་སྙིགས་རོའི་ཡོང་ཁུངས་ཇེ་ཉུང་དང་ཐོན་ཁུངས་ཅན་བེད་སྤྱོད་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། གད་སྙིགས་ས་འོག་ཏུ་སྦས་བའི་ཚད་ཇེ་ཉུང་དུ་གཏོང་བ་དང་། སྲ་གཟུགས་སྙིགས་རོ་ཡིས་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཚད་ཆེས་དམའ་བའི་ཚད་ལ་སླེབས་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རེད། རེས་སྐོར་གསར་བའི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་ལས་དོན་སྤེལ་མགོ་ཚུགས་པ་ནས་བཟུང་། བོད་ལྗོངས་ཀྱིས་རེ་ཞུའི་ལས་དོན་ཧུར་ཐག་སྒྲུབ་པ་དང་། སྐྱེ་ཁམས་ཁོར་ཡུག་པུའུ་སོགས་སྡེ་ཁག18ཀྱིས་དཔྱད་ཞིབ་ནན་མོ་བྱས་རྗེས་ལྷ་ས་གྲོང་ཁྱེར་དང་། གཞིས་ཀ་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་རྒྱལ་ཡོངས་ཀྱི‘ལོ་ལྔའི་འཆར་གཞི་བཅུ་བཞི་བའི’རིང་གི་ཐེངས113པའི“སྙིགས་རོ་མེད་པའི་གྲོང་ཁྱེར”འཛུགས་སྐྲུན་གྱི་གྲོང་ཁྱེར་ནང་བཅུག་པ་རེད། ‘སྙིགས་རོ་མེད་པའི་གྲོང་ཁྱེར’འཛུགས་སྐྲུན་གྱི་ལས་དོན་སྤེལ་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་དང་། སྦགས་བཙོག་གཙང་སེལ་དང་ཐཱན་ཉུང་གཏོང་མཐུན་སྦྱོར་གྱིས་ཕན་འབྲས་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་དམིགས་འབེན་གྱི་ནང་རྐྱེན་བླང་བྱ་མངོན་འགྱུར་བྱུང་བ་ཞིག་ཀྱང་ཡིན།

 རྗེས་མར། བོད་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། སྤྱི་འདོམས་མཐུན་སྦྱོར་དང་ལག་རྩལ་མཛུབ་སྟོན་ལ་ཤུགས་བསྣན་ཏེ། ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ཀྱིས‘སྙིགས་རོ་མེད་པའི་གྲོང་ཁྱེར’འཛུགས་སྐྲུན་གྱི་ཆེད་དམིགས་ལས་དོན་ལམ་སྲོལ་འཛུགས་པར་ལྟ་སྐུལ་བྱ་རྒྱུ་དང་། ‘སྙིགས་རོ་མེད་པའི་གྲོང་ཁྱེར’འཛུགས་སྐྲུན་གྱི་དམིགས་ཚད་མ་ལག་གཞིར་བཟུང་ནས‘སྙིགས་རོ་མེད་པའི་གྲོང་ཁྱེར’འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་སྒྲིག་བཟོ་བྱས་ནས། རིམ་པ་དང་པོའི་དམིགས་ཚད5དང་། རིམ་པ་གཉིས་པའི་དམིགས་ཚད17། རིམ་པ་གསུམ་པའི་དམིགས་ཚད་ལས་འགན58བཅས་ཁ་གསལ་བྱ་རྒྱུ་དང་། བཟོ་ལས་དང་ཞིང་ལས། བཟོ་སྐྲུན་ལས་རིགས། འཚོ་བ་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གཏན་འཁེལ་བྱས་ཏེ། ལས་འགན་གསལ་ཐོ་དང་རྣམ་གྲངས་ཀྱི་གསལ་ཐོ། ལས་གཞིའི་གསལ་ཐོ་བཅས་བཟོ་རྒྱུ། ‘སྙིགས་རོ་མེད་པའི་གྲོང་ཁྱེར’འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་དོན་བརྒྱུད། སྲ་གཟུགས་སྙིགས་རོ་ཐག་གཅོད་སྒྲིག་བཀོད་ཀྱི་ཞན་ཁ་གསབ་པ་དང་། གྲོང་ཁྱེར་གྱི་སྲ་གཟུགས་སྙིགས་རོ་ཐག་གཅོད་སྒྲིག་བཀོད་སྒྲིག་སྦྱོར་གྱི་ལས་དོན་ལེགས་སྒྱུར་བྱས་པ། འཚོ་བའི་གད་སྙིགས་དང་བཟོ་སྐྲུན་གད་སྙིགས། བཟོ་ལས་སྲ་གཟུགས་སྙིགས་རོ། ཞིང་ལས་སྲ་གཟུགས་སྙིགས་རོ། ཉེན་ཡོད་སྙིགས་རོ་སོགས་སྲ་གཟུགས་སྙིགས་རོ་དབྱེ་འབྱེད་གཅིག་སྡུད་དང་གནོད་མེད་ཅན་ཐག་གཅོད་ཀྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་པ། སྲ་གཟུགས་སྙིགས་རོའི་ཕྱོགས་བསྡུས་དོ་དམ་ལས་དོན་གྱི་ཉམས་མྱོང་མུ་མཐུད་གསོག་འཇོག་བྱས་ནས། བོད་ལྗོངས་ཀྱི་ཁྱབ་ཁོངས་ཡོངས་སུ་སྲ་གཟུགས་སྙིགས་རོ་འཕྲི་ཚད་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་དུ་སྐུལ་འདེད་གཏོང་བར་ཁྲིད་སྟོན་བྱས་ཏེ། བོད་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་མཐོ་ས་གསར་སྐྲུན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རོགས་འདེགས་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།