ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ལས་རྣམ་གྲངས་ཀྱི་མངོན་མེད་རུལ་སུངས་གནད་དོན་ལ་ཞིབ་བཤེར་ནན་པོ་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་མུ་མཐུད་སྐུལ་འདེད་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས《ཆེད་དོན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་བར་བརྒལ་དུས་མཚམས་ཀྱི་ཆེད་དོན་ལྟ་སྐུལ་གྱི་འཆར་ཅན་ཚོགས་འདུའི་ཐོག་གི་བཀོད་སྒྲིག་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་ཐོན་ལས་རྣམ་གྲངས་ལ་ཆེད་དོན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་ལྟ་འདོམས་སྡེ་ཚན་གྱིས་གྲོང་གསེབ་དར་རྒྱས་ཀྱི་ཐོན་ལས་རྣམ་གྲངས་ཚད་ལྡན་དུ་བཏང་ནས་མུ་མཐུད་ཕན་འབྲས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་སྟེ། དབུལ་སྐྱོར་གྱི་མ་དངུལ་དང་། དམངས་ཕན་གྱི་མ་དངུལ། ཁ་གསབ་ཀྱི་མ་དངུལ་བཅས་གནད་ལ་འཁེལ་ཞིང་བདེ་འཇགས་ལྡན་པ་དང་ལས་ཆོད་ཆེ་བའི་སྒོ་ནས་བེད་སྤྱོད་བྱེད་པའི་འགན་ལེན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་ཟླ་10པར་སྟག་རྩེ་ཆུས་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་བརྟག་ཞིབ་ཚོགས་ཆུང་2བཙུགས་ནས། ཟླ་བ་2ཀྱི་དུས་ཡུན་སྤྱད་དེ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་68འཛུགས་སྐྲུན་དང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བརྟག་ཞིབ་བྱས་ནས། གནད་དོན་ཆེན་པོ་4ལེགས་སྒྲིག་དང་ཕྱོགས་བསྡུས་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་5བཏོན་པ་དང་། དབུལ་སྐྱོར་ཐོན་ལས་ཀྱི“རང་རྟེན”མི་འདང་བའི་གནད་དོན་36དང་གནད་དོན་གྱི་ཁུངས་སྣེ་2ཤེས་པ། གནད་དོན་1ཐག་གཅོད་བྱས་པ། མི་4ལ་སྐོང་འདྲི་བྱས་པ་རེད།

སྟག་རྩེ་ཆུས་གཙང་རྟོགས་ཤང་ལ་མོ་གྲོང་ཚོའི་ཕག་པ་གསོ་ཚགས་ར་བའི་འཛུགས་སྐྲུན་རྣམ་གྲངས་དེ་2017ལོར་ལས་འགོ་ཚུགས་པ་དང་འབྲེལ་རྣམ་གྲངས་ཀྱི་རགས་རྩིས་ལ་མཆན་བཀོད་བཀའ་ལན་ཡང་གནང་བ་དང་། རྣམ་གྲངས་ལག་བསྟར་བྱས་ནས་ལོ་4ཡི་ནང་ཕན་འབྲས་གང་ཡང་ཐོན་མེད་པ་དང་། རྣམ་གྲངས་ཀྱི་ཇུས་འགོད་འཛུགས་སྐྲུན་དེ་འཆར་འགོད་དང་ཚབས་ཆེན་མཐུན་མེད། ཞིབ་དཔྱད་བྱས་པ་བརྒྱུད། བོད་ལྗོངས་སྟག་རྩེ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་ཚེ་རིང་ཉི་མས་རྣམ་གྲངས་དེར་ལས་རིགས་ཀྱི་ལྟ་འདོམས་འགན་འཁྲི་ཡག་པོ་མ་ཁུར་བར། ལས་ཀའི་སྒྲིག་ཁྲིམས་ལས་འགལ་བའི་གནད་དོན་ཡོད་པ་མ་ཟད། རྩད་ཆོད་ཁ་གསལ་བྱུང་ནས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཐོན་ལས་རྣམ་གྲངས་གཞན་དག་སྒྲུབ་འགན་འཁུར་བའི་ཐད་རོགས་རམ་བྱས་པ་དང་རྒྱུ་ནོར་བླངས་པས་གྱོད་དོན་ཐོ་འགོད་བྱས་ནས་ཉར་འཇོག་བྱས་པ་རེད། ཟླ་5ཚེས་12ཉིན། ཚེ་རིང་ཉི་མར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་པ་ཡོད་པར་བརྟེན། ཁོ་པ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་རྒྱུའི་ཆད་པ་བཅད་པ་དང་འབྲེལ། ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་ཞུ་གཏུག་བྱེད་རྒྱུར་རྩིས་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།