ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཀྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་སྡོམ་ལས་དོན་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་བོད་ལྗོངས་ཀྱིས“རིམས་ནད་ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི”སྔོན་འགོག་དང་ཚོད་འཛིན་ཐབས་ཇུས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་སྔ་ཙམ་དང་། ཆུང་ཙག ནན་པོ། ཏན་ཏིག འཕྱུགས་མེད། ཞིབ་ཚགས་བཅས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ཁག་དམ་འཛིན་བྱས་ཏེ་གནད་སྨིན་སྔོན་འགོག་དང་ཚོད་འཛིན་དང་ནུས་ལྡན་ངང་སྔོན་འགོག་དང་ཚོད་འཛིན་བྱས་པས་ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད།

མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱིས“ལྟ་ཞིབ་ཚད་ལེན་གྱི་དྲ་བའི་ཚགས”དམ་དུ་བཏང་བ།

འདི་ལོ་ནས་བཟུང་ཨའོ་སྨི་ཁེ་རུང་ནད་དུག་གི་དུག་སྲིན་གསར་པར་ཁ་གཏད་གཅོག་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆེད་དོན་ཚོགས་ཆུང་8བཙུགས་ནས་ཕན་འབྲས་ཆེ་བའི་ངང་འཁོར་སྐྱོད་བྱེད་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་མ་ལག་ཅིག་ཆགས་པ་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་རང་སོ་སོའི་ལས་བགོས་གནས་ཚུལ་ལ་གཞིགས་ཏེ་རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་གཙོ་གནད་མི་སྣ་དང་། གཙོ་གནད་ཁུལ། གཙོ་གནད་ལྷུ་ཚིགས་བཅས་ལ་དམིགས་ནས་དོ་དམ་ཚོད་འཛིན་གྱིས་ཉིང་སྐྱུར་བརྟག་དཔྱད་དང་། སློབ་གྲྭའི་སྔོན་འགོག་དང་ཚོད་འཛིན། འགྲིམ་འགྲུལ་ནད་ཡམས་ཞིབ་བཤེར། ཁྲོམ་རའི་ལྟ་འདོམས། དངོས་ཟོག་འགན་ལེན། ས་ཁོངས་ཀྱི་གཞོགས་འདེགས་ཞིབ་བཤེར་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ཡོད།

རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ་7 རྫོང་ཆུས་74བཅས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་རྒྱུན་དུ་ལས་དོན་སྤེལ་བ་དང་ཉིན་མཚན་དབྱེར་མེད་ཀྱིས་འཕྲལ་སྡོམ་ལས་རེས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། འབྲེལ་ཡོད་སྡེ་ཚན་ཁག་དང་། མཐའ་མཚམས་གྲོང་ཁྱེར་དང་ས་ཁུལ་4 མཐའ་མཚམས་རྫོང་21 འགག་སྒོའི་རྫོང་3བཅས་ཀྱིས་ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་དུ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་བདེ་དང་། བཟོ་འཕྲིན། སྤྱི་པའི་འཕྲོད་བསྟེན་སོགས་སྡེ་ཚན་གྱིས་མཉམ་འདྲེས་མཐུན་སྦྱོར་ལམ་སྲོལ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་ས་ཁོངས་ཀྱི་གཞོགས་འདེགས་ཞིབ་བཤེར་གྱི་ནུས་པ་བཏོན་ཡོད་པ་རེད།

ལས་རིགས་ཁག་གི་གཙོ་གཉེར་སྡེ་ཚན་གྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་རིགས་དེ་གའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་དོ་དམ་མཐའ་གཅིག་ཏུ་བྱེད་པ་དང་། ཁེ་ལས་དང་བྱ་གཞག་ཚན་པ་ཁག་གིས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཆེད་ལས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་ཚོད་དང་། གོ་སྐབས། ལས་ཕྱོད་བཅས་ལ་དམ་འཛིན་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་སྐྱོབ་བཅོས་སོགས་ཀྱི་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་གཉེར་བྱེད་ས་དང་། སྐྱེལ་འདྲེན་ཡོ་བྱད། ལས་གཉེར་མི་སྣ་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ནན་ཏན་བྱས་ནས“ས་ཚིགས་གསུམ་དང་ཁུལ་གཅིག”དང་། རྒྱལ་ལམ་དང་ཞིང་ཆེན་ལམ་ནས་འགྲོ་འོང་བྱེད་སར་དོ་དམ་ཚོད་འཛིན་ནན་པོ་བྱས་པ། ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་དང་། བསམ་བློ། རིག་གནས་བཅས་ཁོངས་གཏོགས་ཀྱིས་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོངས་བསྒྲགས་དང་སྲིད་ཇུས་དང་བྱ་ཐབས་འགྲེལ་བཤད་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།

རིམས་འགོག་སྨན་ཁབ་བརྒྱབ་ནས“འགོག་སྲུང་འཛིང་རགས”བསྐྲུན་པ།

“ཁབ་སྣོན་བརྒྱབ་པས་བློ་བདེ་པོ་འདུག”ཅེས་ཟླ་5ཚེས་4ཉིན་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་རིམས་འགོག་སྨན་ཁབ་རྒྱག་ཡུལ་ནས་ཁབ་སྣོན་བརྒྱབ་མ་ཐག་པའི་མངགས་སྐྱེལ་བ་ཟླ་བས་བཤད། ཉིན་དེར་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཀྱི་རྒན་མོ་སྒྲོལ་དཀར་གྱིས་རིམས་འགོག་སྨན་ཁབ་དང་པོ་དེ་བརྒྱབ་པ་རེད། རྒན་མོ་སྒྲོལ་དཀར་གྱིས་སྡེ་ཁུལ་གྱི་ལས་བྱེད་པའི་ས་ནས་ལོ་60ཡན་གྱི་རྒན་རྒོན་ཚོར་རིམས་འགོག་སྨན་ཁབ་རྒྱག་ཆོག་པ་ཐོས་འཕྲལ་རང་འགུལ་ངང་གཟེད་པ་རེད། སྒྲོལ་དཀར་གྱི་ངོས་ནས་བརྗོད་ན་རིམས་འགོག་སྨན་ཁབ་རྒྱག་རྒྱུ་དེ་རང་ཉིད་ལ་འགན་འཁུར་བ་ཞིག་ཡིན་ལ། སྤྱི་ཚོགས་ལ་འགན་འཁུར་བ་ཞིག་ཀྱང་ཡིན་པས“རྒྱལ་ཁབ་ཀྱིས་ང་ཚོར་རིན་མི་དགོས་པར་རིམས་འགོག་སྨན་ཁབ་རྒྱག་དོན་ནི་ང་ཚོར་ནད་མ་ཕོག་པའི་ཆེད་དུ་ཡིན་པས་རང་ཉིད་ཀྱིས་གཟེད་པ་མ་ཟད། ད་དུང་བཟའ་ཟླར་ཡང་གཟེད་དུ་བཅུག་པ་ཡིན”ཞེས་བཤད།

རིམས་འགོག་སྨན་ཁབ་རྒྱག་པ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏོག་དབྱིབས་ནད་དུག་གསར་པའི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཏོག་གསར་རིམས་འགོག་སྨན་ཁབ་དང་སྨན་ཁབ་རྒྱག་པའི་འགྲོ་གྲོན་ཚང་མ་སྨན་བཅོས་འགན་བཅོལ་ཐེབས་རྩས་འགན་འཁུར་བ་དང་། ནོར་སྲིད་ཀྱིས་ཁ་གསབ་འོས་འཚམ་སྤྲོད་དགོས་པ། གྲོང་མི་མི་སྒེར་ལ་རིན་མི་དགོས་པར་སྨན་ཁབ་རྒྱག་དགོས་པ་བཅས་ཀྱི་རྩ་དོན་ཁ་གསལ་བཏོན་ཏེ་སྨན་ཁབ་རྒྱག་དགོས་རིགས་ཀྱི་མི་ཚོགས་ལ་རྒྱག་གང་ཐུབ་དང་། རིམ་པ་བཞིན་སྐུལ་འདེད་གཏོང་བ། གཙོ་གནད་མངོན་གསལ་དོད་པ། བདེ་འཇགས་འགན་ལེན་བཅས་བྱས་ཡོད།

མིག་སྔར་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་རིམས་འགོག་སྨན་ཁབ་ཐེངས་དང་པོ་རྒྱག་ཐེངས་ཁྲི་372དང་། ཐེངས་གཉིས་པ་རྒྱག་ཐེངས་ཁྲི་363 ཁབ་སྣོན་རྒྱག་ཐེངས་ཁྲི་221.9བཅས་ཟིན་ནས་རིམས་འགོག་སྲུང་བཅད་གང་མགྱོགས་སྐྲུན་བཞིན་ཡོད་པ་རེད།

མཉམ་འགོག་མཉམ་སྡོམ་བྱས་ཏེ་འགག་སྒོ་ཡག་པོ་སྲུང་བ།

བོད་དུ་སྐྱོད་པའི་འགག་སྒོ་ནི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒོ་གལ་ཆེན་ཞིག་ཡིན་པས་ངེས་པར་དུ་རིམས་འགོག་གི་རྩ་བ་དེ་དམ་པོར་བཟུང་ནས་འགྲུལ་པའི་བདེ་ཐང་ཨང་རྟགས་ཞིབ་བཤེར་དང་། ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ལྷ་སར་ཡོང་མཁན་འགྲུལ་པར་ཉིང་སྐྱུར་བརྟག་དཔྱད་གྲལ་བཤེར། བརྒྱུད་འདྲེན་སོགས་ཀྱི་རིམས་འགོག་བྱེད་ཐབས་ནན་པོ་སྤྱད་དེ་བོད་དུ་ཡོང་བའི་རིམས་འགོག་གི་འགག་སྒོ་དང་པོ་ཡག་པོ་སྲུང་དགོས།

“འགྲུལ་པ་རྣམ་པ། སྐུ་ཁམས་བཟང་། བགྲོད་ལམ་དེ་ནི་ཉེན་ཁ་ཆེ་འབྲིང་གི་འགྲུལ་པའི་བགྲོད་ལམ་ཡིན་པས། འགྲོ་སྐྱོད་ཨང་རྟགས་ཐོག་སྐར་མ་མངོན་པ་དང་ཉེ་བའི་ཉིན་14རིང་རིམས་ནད་ཐོན་ཁུལ་དུ་འཚོ་སྡོད་བྱེད་མྱོང་མཁན་གྱི་འགྲུལ་པས་ཐོབ་ཐང་ལག་ཁྱེར་དང་། འགྲོ་སྐྱོད་ཨང་རྟགས། དེ་བཞིན་ཆུ་ཚོད་48རིང་གི་ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་བཅས་གྲ་སྒྲིག་བྱས་ནས་ལས་སྒྲུབ་མི་དམངས་ཉེན་རྟོག་པའི་ཁྲིད་སྟོན་ལྟར་སྐྱོད་དགོས” གོང་དཀར་གནམ་ཐང་གི་T3གནམ་ཐང་བབས་ཚུགས་སུ་དུས་གཏན་གནམ་གྲུ་འབྱོར་རིམ་བཞིན་འགོག་སྲུང་གྱོན་ཆས་སྤྲས་པའི་ལས་དོན་མི་སྣས་འཕྲལ་མར་གནམ་ཐང་བབས་ཚུགས་ལ་དུག་སེལ་བྱས་ཏེ་བོད་དུ་ཡོང་མཁན་གྱི་ཐོབ་ཐང་ལག་ཁྱེར་དང་། བདེ་ཐང་ཨང་རྟགས། འགྲོ་སྐྱོད་ཨང་རྟགས། བོད་སྐྱོད་སྙན་སེང་བཅས་ལ་ནན་ཏན་ངང་ལྟ་ཞིབ་བྱེད་པ་དང་། འགྲུལ་པ་ཚང་མས་ཁ་རས་བརྒྱབ་ནས་རྦད་དེ་རང་འགུལ་གྱི་དམར་ཕྱིའི་དྲོད་ཚད་འཇལ་ཆས་བརྒྱུད་པ་དང་ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་ལས་དོན་མི་སྣས་འགྲུལ་པ་ཚང་མར་ཉེན་ཁའི་ཁུལ་ཆེ་འབྲིང་ཆུང་གསུམ་ལ་གཞིགས་ནས་ཁག་བགོས་བྱེད་ཀྱི་ཡོད།

མིག་སྔར། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པའི་མདུན་དུ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་སྔར་བཞིན་ལྕི་པོ་ཡོད། ལྗོངས་ཡོངས་ཀྱི་མི་དམངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རླབས་ཆེན་གྱི་རིམས་འགོག་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་འབད་འབུངས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཚེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མུ་མཐུད་འགག་གནད་ལས་སྒྲོལ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་ཁ་གསར་པ་ཐོབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།