ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

2022ལོར་བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གིས་སྡོང་རྐང་ཁྲི10ལྷག་འཛུགས་རྩིས་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཆེན་བྱས་ཏེ། ཁོར་ཡུག་ལ་བརྟེན་ནས་རྫོང་འཛུགས་པ་དང་རྣམ་གྲངས་གཞི་རྟེན་དུ་བྱས་ནས་ལྷ་སའི་ཉེ་འཁོར་གྱི་འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན་ལས་གཞི་དང་།“གཙང་པོ་གཉིས་དང་ཆུ་བོ་བཞི”འབབ་རྒྱུད་ཀྱི་ནགས་སྐྲུན་ལས་གཞི། ལྷ་ཉིང་མཐོ་རིམ་གཞུང་ལམ་རྒྱུད་ཀྱི་མིས་ཐབས་ཀྱི་ནགས་སྐྲུན་ལས་གཞི་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། དེ་དང་ཆབས་ཅིག ཤང་དང་གྲོང་ཚོ་ཡི“འགྲམ་བཞིའི”སྡོང་འཛུགས་ལས་གཞི་དང་སྐྱེ་ཁམས་དཔལ་ཡོན་གྲོང་ཚོ་འཛུགས་སྐྲུན། ཀ་ཚལ་ཆུས་ཀྱི་འགོག་སྲུང་ནགས་ཚལ་ལས་གཞི། ལྗང་མདོག་བར་ཁྱམས་འཛུགས་སྐྲུན། གཏེར་རིའི་སྐྱེ་ཁམས་ལོགས་དབྱེའི་རྒྱུད་འཛུགས་སྐྲུན་སོགས་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལྗང་མདོག་བར་མཐོངས་ཇེ་ཆེར་དང་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་མ་ཟད། “སྐྱེ་ཁམས་མལ་གྲོ”འཛུགས་སྐྲུན་གྱི་གོམ་སྟབས་ཀྱང་སྔར་བས་ཇེ་མགྱོགས་སུ་ཕྱིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་། ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོ་གནད་ས་ཁོངས་ཡིན་པའི་ཐང་སྐྱ་ཤང་གིས་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ཡོད་ལ། མིག་སྔའི་བར། ཐང་སྐྱ་ཤང་གི་སྤྱི་ཕན་སྐྱེ་ཁམས་ནགས་སའི་བདག་སྐྱོང་རྒྱ་ཁྱོན་མུའུ་ཁྲི15.79ཟིན་པ་དང་། ཤང་ཡོངས་སུ་སྔོ་འགྱུར་ཁྱབ་ཚད་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ཐང་སྐྱ་ཤང་གི་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་ལས་གཞིའི་གཙོ་བོ་ལྕང་མ་དང་། སྦྱར་ལྕང་སོགས་མ་གནས་དམའ་བ་དང་གསོན་ཚད་མཐོ་བའི་ལྗོན་ཤིང་བཏབ་པ་མ་ཟད། ད་དུང་རིམ་གྱིས་ཁམ་སྡོང་དང་ཀུ་ཤུའི་སྡོང་པོ་སོགས་བཏབ་ནས“ཁྱིམ་ཚང་ཚང་མར་ལྗོན་ཤིང་ཡོད་པ”ནས“ཁྱིམ་ཚང་ཚང་མར་དཔལ་འབྱོར་ལྗོན་ཤིང་ཡོད་པ”མངོན་འགྱུར་བྱ་རྒྱུ་རེད།

ཐང་སྐྱ་ཤང་གིས་སྡོང་འཛུགས་ནགས་སྐྲུན་བྱས་པ་བརྒྱུད་འགྱུར་ལྡོག་ཕྱིན་པ་དེ་ནི་མལ་གྲོ་གུང་དཀར་རྫོང་གིས་རྒྱལ་ཁབ་མངའ་ཁོངས་ལྗང་སྒྱུར་བྱ་སྤྱོད་ཧུར་ཐག་སྤེལ་བའི་མཚོན་ཚུལ་ཞིག་རེད། “2022ལོར་མལ་གྲོ་གུང་དཀར་རྫོང་གིས་སྡོང་རྐང་ཁྲི10ལྷག་བཙུགས་ནས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་གི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་སྐོང་བ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བཏོད་ནས་གོ་རིམ་ལྡན་པའི་ངང་སྡོང་འཛུགས་ནགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཆབས་ཅིག ཤང(གྲོང་རྡལ)བཙོག་ཆུ་གཙང་སེལ་བཟོ་གྲྭ་འཛུགས་སྐྲུན་དང་། གད་སྙིགས་རིགས་དབྱེ། ‘གསང་སྤྱོད་གསར་བརྗེ’སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་རྒྱུ་རེད ཅེས་མལ་གྲོ་གུང་དཀར་རྫོང་ནགས་ཚལ་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བཤད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ལྷ་སའི་སྐྱིད་ཆུའི་སྟོད་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། 2019ལོ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་གིས་ཐང་སྐྱ་ཤང་དང་། ཉི་མ་ལྕང་རྭ་ཤང་། རྩ་ཞོལ་ཤང་། རྨམ་པ་ཤང་། རུ་ཐོག་ཤང་། བཀྲ་ཤིས་སྒང་ཤང་བཅས་སུ་བཙོག་ཆུ་གཙང་སེལ་བཟོ་གྲྭ11གསར་སྐྲུན་བྱས་པ་དང་། ཉིན་རེར་ཏུན་ཁྲི4000ལྷག་གཙང་སེལ་བྱས་ནས་ལྗོངས་ཡོངས་ཀྱི་རྫོང་དང་ཤང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭ་ཡོངས་སུ་ཁྱབ་པའི་དཔེ་སྟོན་རྫོང་དང་པོར་གྱུར་པ་རེད།

མལ་གྲོ་གུང་དཀར་རྫོང་ནགས་ཚལ་རྩྭ་ཐང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས། 2021ལོར། མལ་གྲོ་གུང་དཀར་རྫོང་གིས་ཤང7དང་གྲོང་རྡལ1གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཤང(གྲོང་རྡལ)འཛུགས་སྐྲུན་འཆར་འགོད་ལེགས་འགྲུབ་བྱུང་བ་དང་། གྲོང་ཚོ་ཨུ་ལྷན41གི་འཛུགས་སྐྲུན་ལག་བསྟར་ཇུས་གཞི་དང་། དེ་བཞིན་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་ལས་དོན་སྙན་ཞུ་སྒྲིག་ཁུངས་ལས་དོན་ནང་ཁྱབ་པ། གད་སྙིགས་བཙིར་གནོན་རླངས་འཁོར28དང་གད་སྙིགས་འཚོལ་བསྡུ་སྒམ338བཀོད་སྒྲིག་བྱས་པས། རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོའི་འཚོ་བའི་གད་སྙིགས་འཚོལ་བསྡུ་དང་ཐག་གཅོད་ནུས་ལྡན་ཐུབ་ཡོད། གཞན་ཡང་། རྫོང་ཁོངས་སུ་གད་སྙིགས་རིགས་དབྱེ་དང་བརྗེ་སྐྱེལ་ས་ཚིགས་མང་པོ་བཙུགས་ཏེ། “སྲིད་གཞུང་གིས་གཙོ་ཁྲིད་དང་། སྡེ་ཁག་གིས་སྣེ་ཁྲིད། ས་ཚིགས་ཀྱིས་སྐུལ་ཁྲིད། དམངས་ཡོངས་ཞུགས་པ”བཅས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་གཙང་སེལ་གྱི་འཁོར་རྒྱུག་རྣམ་པ་རགས་ཙམ་ཆགས་ཡོད་ཅེས་བཤད།

ད་ཆ། མལ་གྲོ་གུང་དཀར་རྫོང་གིས་ལག་ལེན་ཐུབ་པའི་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱས་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱིས་བརྒྱན་པའི་ཡིད་འོང་གྲོང་གསེབ་ཀྱི་རྣམ་པ་བཏོད་པ་མ་ཟད། “གནམ་སྔོན་པོ་དང་། ཆུ་དྭངས་མོ། མཛེས་པའི་གྲོང་ཚོ”བཅས་ཀྱི་འཚོ་བའི་ཁོར་ཡུག་བཟང་པོ་བཏོད་དེ། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་ཕྱིན་ཡོད།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།