ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་མཐོ་ཚད་སྨི8000ལྷག་གི་ཇོ་མོ་གླང་མར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་དང་པོ་བྱེད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། “རི་རྩེའི་འགན་འཁྲི་2022—ཇོ་མོ་གླང་མའི་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག”བོད་ལྗོངས་ཇོ་མོ་གླང་མའི་ཁུལ་དུ་སྤེལ་བཞིན་ཡོད་པ་དང། མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་བོད་ལྗོངས་རི་འཛེག་རུ་ཁག་དང་མཉམ་དུ་ད་ཐེངས་ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ་བྱས་པ་རེད། ད་ཐེངས་ཚན་རིག་རྟོག་ཞིབ་ནང་ནུབ་རླུང་དང་དུས་རླུང་གི་མཐུན་སྦྱོར་ནུས་པ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན། མིའི་རིགས་ཀྱི་བྱེད་སྒོའི་འགྱུར་ལྡོག སའི་གོ་ལའི་སྒུལ་ཤུགས་རིག་པའི་རྩད་ཞིབ་ཐིག་ལེན་སོགས་ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་5ཡི་ཚན་རིག་རྟོག་ཞིབ་ཚོགས་ཆུང་16གི་ཚན་རིག་རྟོག་ཞིབ་རུ་མི་ཁྱོན་270ལྷག་ཙམ་དེའི་ནང་ཞུགས་ཡོད། དེ་ནི་2017ལོར་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་བྱེད་སྒོ་སྤེལ་ཚུན། རིག་ཚན་གྱི་ཁྱབ་རྒྱ་ཆེ་ཤོས་དང་། ཚན་རིག་རྟོག་ཞིབ་རུ་མི་ཞུགས་མང་ཤོས། ཆེས་སྔོན་ཐོན་གྱི་དཔྱད་ཆས་དང་སྒྲིག་ཆས་སྤྱད་པ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་ཅིག་རེད།

ད་ཐེངས་ཀྱི་ཇོ་མོ་གླང་མར་ཚན་རིག་རྟོག་ཞིབ་ཀྱི་བྱེད་སྒོར་སྔོན་ཐོན་གྱི་ལག་རྩལ་དང་བྱ་ཐབས་ཐོག་མར་སྤྱད་དེ་ནུབ་རླུང་དང་དུས་རླུང་གི་མཐུན་སྦྱོར་ནུས་པ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་གི་འགྱུར་ལྡོག སྐྱེ་ཁམས་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན། མིའི་རིགས་ཀྱི་བྱེད་སྒོ་སོགས་ཚན་རིག་གི་གནད་དོན་གལ་ཆེན་ལ་དམིགས་ནས། ཇོ་མོ་གླང་མའི་ཁུལ་གྱི་འཁོར་རྒྱ་ཆེན་པོ་དྲུག་གི་ཐད་དཔྱང་འགྱུར་ལྡོག་གི་ཁྱད་ཆོས་དང་ཕན་ཚུན་ནུས་པའི་རྐྱེན་རྩར་མཐུན་སྦྱོར་ངང་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དང་། གནམ་གཤིས་དྲོ་རུ་ཕྱིན་པའི་རྒྱབ་ལྗོངས་འོག་ཇོ་མོ་གླང་མའི་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་གི་ཆོས་ཉིད་དང་། དྲོད་ཁང་རླུང་གཟུགས་གར་ཚད་ཀྱི་འགྱུར་ལྡོག་ཆོས་ཉིད་དང་དེའི་སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ། མིའི་རིགས་ཀྱི་དམིགས་བསལ་གྱི་གནམ་གཤིས་དང་འཚམ་མཐུན་ཡོང་བའི་ཁྱད་ཆོས་བཅས་ཀྱི་གསང་བ་འཚོལ་བ། སའི་གོ་ལའི་མ་ལག་གི་ཚན་རིག་ཞིབ་འཇུག་གི་ཚད་བརྒལ་གསར་པ་མངོན་འགྱུར་ཡོང་བ་བཅས་བྱས་ནས། ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་གི་གསར་གཏོད་ཚན་རིག་ཇུས་གཞི་བཏོན་པ་རེད།

ཚན་རིག་རྟོག་ཞིབ་རུ་ཁག་གིས་ད་དུང་ཚན་རིག་བརྟག་དཔྱད་ཞིབ་འཇུག་གི་འཛམ་གླིང་གི་ཟིན་ཐོ་མང་པོ་ཞིག་གཏོད་རྩིས་ཡོད་པའི་ནང་། བོད་ལྗོངས་རི་འཛེག་རུ་ཁག་དང་མཉམ་དུ་རང་འགུལ་གྱི་གནམ་གཤིས་ས་ཚིགས་མང་པོ་ཞིག་མཐོ་ཚད་སྨི་8000ལྷག་ཙམ་གྱི་སར་བཙུགས་ནས། ཇོ་མོ་གླང་མའི་ས་བབ་ཤིན་ཏུ་མཐོ་བའི་ཁུལ་གྱི་གནམ་གཤིས་ཀྱི་རང་འགུལ་ལྟ་དཔྱད་ཚད་འཇལ་དང་གཞི་གྲངས་བརྒྱུད་གཏོང་མངོན་འགྱུར་བྱ་རྒྱུ་དང་། སའི་གོ་ལའི་རྩེ་མོར་ཚད་གཞི་མཐོ་བའི་ལེ་ཏ་ཐོག་མར་སྤྱད་དེ་གངས་འཁྱགས་ཀྱི་མཐུག་ཚད་ལ་ཚད་འཇལ་བྱ་རྒྱུ། ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ལས་ད་དུང་ས་བབ་ཤིན་ཏུ་མཐོ་བའི་རླུང་ཁམས་ཆེ་མོའི་སྦགས་བཙོག་སྐྱེལ་འདྲེན་དང་ཚན་རིག་རྟོག་ཞིབ་མི་སྣའི་ས་བབ་མཐོ་སར་འཕྲོད་ཚད་ལ་རྗེས་སྙེག་བྱ་རྒྱུ་ཡིན་པ་སོགས་ཚུད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།