ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

འཆམ་མཐུན་མཉམ་གནས་རོལ་དབྱངས་དཀྲོལ། བདེ་སྐྱིད་ཁྱིམ་གཞིས་མཉམ་དུ་སྐྲུན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྨར་ཁམས་རྫོང་འཇང་མི་རིགས་ཤང་འཇང་མི་རིགས་གྲོང་ཚོའི་དབང་མོའི་ཁྱིམ་ནི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་ཁྱིམ་ཚང་ཞིག་རེད། ཕ་མེས་དུས་ནས་ཁོང་ཚོའི་ཁྱིམ་གྱི་མི་རབས་བཞིའི་ནང་མི་རིགས་མི་འདྲ་བ་དྲུག་ཡོད་པ་དང་། ནང་མི་ཚང་མ་འཆམ་པོ་ཡོད་པས་ཐུན་མོང་ཐོག་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་བསྐྱངས་ཡོད། “ངའི་ཕ་མ་གཉིས་ཀ་འཇང་རིགས་རེད། ང་དང་ངའི་གཅུང་མོ་བོད་རིགས་ཀྱི་མནའ་མ་ཡིན། གཅུང་པོ་གསུམ་གྱིས་མི་རིགས་མི་འདྲ་བ་གསུམ་གྱི་མནའ་མ་བསུས་ཡོད། ང་ཚོའི་ཁྱིམ་གྱི་མི་རབས་བཞི་ལ་ཁྱོན་མི་35ཡོད་པ་དང་ཚང་མ་མཐུན་སྒྲིལ་དང་། ཞི་མཐུན། བདེ་སྐྱིད་བཅས་ལྡན་པ་ཞིག་ཡོད”ཅེས་དབང་མོས་བརྗོད།

སྨར་ཁམས་ནི་བོད་དང་། སི་ཁྲོན། ཡུན་ནན་བཅས་ཞིང་ཆེན་གསུམ(རང་སྐྱོང་ལྗོངས)འབྲེལ་མཚམས་སུ་གནས་པ་དང་། རྫོང་ཁོངས་སུ་བོད་རིགས་དང་། རྒྱ་རིགས། འཇང་རིགས། ཧུད་རིགས། པའེ་རིགས། ཧོར་རིགས། མེའོ་རིགས། ལི་སུའུ་རིགས་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་པ་དང་། ལོ་རྒྱུས་ཀྱི་འཕེལ་རྒྱུན་རིང་མོའི་ཁྲོད་མི་རིགས་ཁག་འདི་གར་འཚོ་གནས་གཞིས་ཆགས་དང་། ཁྲག་རྒྱུན་གཅིག་སྦྲེལ། སྐྱིད་སྡུག་མཉམ་མྱོང་བཅས་བྱས་ཏེ་ཐུན་མོང་ཐོག་ས་ཆ་སྐྱིད་པོ་འདི་གསར་སྤེལ་འཛུགས་སྐྲུན་བྱེད་བཞིན་ཡོད།

བོད་ཤར་གཅེས་ནོར་ཨ་རག་ཚད་ཡོད་ཀུང་སིར་ཡུན་ནན་གྱི་ཕོ་གཞོན་ལི་ཀེང་གིས་ལས་རོགས་ཚོར་ཤོག་གླེགས་འཚག་ཆས་སྤྱོད་སྟངས་སློབ་བཞིན་འདུག ཁྲུའུ་ཞུང་དགེ་འོས་སློབ་གླིང་ཐོན་རྗེས་རྒུན་འབྲུམ་ཨ་རག་ལས་གྲྭའི་ཆེད་ལས་སྦྱངས་པའི་ཁོང་ལ་སྨར་ཁམས་རྫོང་ནས་ལས་ཀ་རག་ཡོད། “ང་ཚོའི་ཀུང་སི་ནི་ཁྱིམ་ཚང་ཆེན་པོ་ཞིག་དང་འདྲ་བར་ཚང་མས་འཚོ་བའི་ཐད་ཕན་ཚུན་སེམས་ཁུར་དང་ལས་ཀར་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད་པས། ང་རང་འདི་གར་ཧ་ཅང་དགའ་པོ་འདུག”ཅེས་ལི་ཀེང་གིས་བརྗོད།

སྨར་ཁམས་རྫོང་གི་གཙོ་གནད་རོགས་སྐྱོར་བྱ་ཡུལ་གྱི་སྣེ་འདྲེན་ཁེ་ལས་ཡིན་པའི་བོད་ཤར་གཅེས་ནོར་ཨ་རག་ཚད་ཡོད་ཀུང་སིས་མི་རིགས་ཁག་གི་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་དགོས་ཀྱི་ཡོད་ལ། ཁོང་ཚོའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ཀྱང་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཀུང་སི་དེའི་ཁེ་ལས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།

“ང་ཚོའི་ཀུང་སིར་བོད་རིགས་དང་། འཇང་རིགས། པའེ་རིགས། དབྱིས་རིགས་སོགས་མི་རིགས་བདུན་གྱི་ལས་བཟོ་ཡོད་ཀྱང་དུས་རྒྱུན་ཚང་མས་མཉམ་དུ་འབད་བརྩོན་དང་ཕན་ཚུན་རོགས་རམ་བྱས་ཏེ་ལས་ཀ་ཚང་མ་མཉམ་དུ་བསྒྲུབས་ཀྱི་ཡོད། ང་ཚོས་ད་དུང་མི་རིགས་མཐུན་སྒྲིལ་འགོ་ཁྲིད་ཚོགས་ཆུང་ཆེད་མངགས་བཙུགས་ནས། ཚང་མས་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་ཀུང་སི་དེའི་ཐོན་སྐྱེད་པུའི་འགན་འཁུར་བ་ཁྲ་ཅིང་གོས་གསར་འགོད་པར་དེ་ལྟར་བརྗོད།

མི་རིགས་ཁག་གི་མང་ཚོགས་ཀྱིས་ཕན་ཚུན་རོགས་རམ་བྱེད་པའི་ཟོལ་མེད་བརྩེ་སེམས་ཀྱི་ཤུགས་རྐྱེན་འོག འཇང་མི་རིགས་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པ་ཚེ་རིང་དབང་འདུས་ཀྱིས་རང་མོས་ངང་འགྲེམས་སྟོན་ཁང་ཞིག་བཙུགས་པ་དང་། འགྲེམས་སྟོན་ཁང་གི་མངོན་གསལ་དོད་སར་རང་རྒྱལ་གྱི་མི་རིགས་56གི་ངོ་སྤྲོད་མདོར་བསྡུས་འཁོད་ཡོད།

“འགྲེམས་སྟོན་ཁང་དེ་འཛུགས་དོན་ནི་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་གི་མི་རིགས་ཚང་མ་ངོ་སྤྲོད་བྱས་ནས་ཚང་མས་མི་རིགས་56ལ་རྒྱུས་མངའ་ལོན་ཤུགས་ཆེ་རུ་གཏོང་ཆེད་ཡིན་ལ། དངོས་རྫས་རྙིང་པ་འགྲེམས་སྟོན་བྱས་པ་བརྒྱུད་ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དངོས་འབྲེལ་ཚོར་ཐུབ་པའི་ཆེད་དུ་ཡིན”ཞེས་ཚེ་རིང་དབང་འདུས་ཀྱིས་དེ་ལྟར་བརྗོད།

ཆུང་དུས་ནས་ལས་གཏོད་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་པས། ཚེ་རིང་དབང་འདུས་ཀྱི་བུ་བློ་བཟང་ཚེ་བརྟན་གྱིས་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལས་གཏོད་བྱས་ཏེ་སྨར་ཁམས་རྫོང་གནའ་བོའི་མཛེས་རྒྱན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འདུ་ཤེས་རྒྱུན་གཏན་གྱི་གསར་རྩོམ་ནང་ཁྱབ་པར་བྱས་ཡོད།

“ངའི་ཁྱིམ་རྒྱུད་ནི་མི་རབས་ནས་མི་རབས་བར་ཤིང་བརྐོས་རྒྱག་མཁན་རེད། ང་སློབ་གྲྭ་ཐོན་རྗེས་ཤིང་བརྐོས་ལས་རིགས་ནང་ཞུགས་པ་ཡིན། ངས་ཇུས་འགོད་བྱེད་སྐབས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མང་པོ་དེའི་ནང་བསྲེས་ནས་གཞན་དང་མི་འདྲ་བའི་ཤིང་བརྐོས་ཐོན་རྫས་ཐོན་སྐྱེད་བྱེད་ཀྱི་ཡོད”ཅེས་བློ་བཟང་ཚེ་བརྟན་གྱིས་དེ་ལྟར་བརྗོད།

མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་འཇང་མི་རིགས་ཤང་གི་རྒྱུན་གཏན་འཚོ་བའི་ཁྲོད་དུ་ལྷམ་མེར་བཞད་ཡོད་ལ། དེ་དང་འདྲ་བར་སློབ་གྲྭའི་སློབ་གསོའི་ཁྲོད་དུའང་རྩ་བ་བརྟན་པོ་ཚུགས་ཡོད།

ཚྭ་ཁ་ལྷོ་སློབ་འབྲིང་དུ་མཉམ་གཞས་ཚོགས་པའི་ཕྲུ་གུ་ཚོས་ལེ་ཚན་ནང་སྦྱོང་བྱེད་སྐབས“སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ”ཞེས་པ་ལེན་བཞིན་འདུག སློབ་གྲྭ་དེ་ནི་སློབ་མ་སློབ་སྦྱོང་བྱེད་ས་དང་ཤེས་ལྡན་པར་འགྱུར་བའི་གནས་ཡིན་ལ། མི་རིགས་ཁག་གི་གཅེན་གཅུང་མིང་སྲིང་འཆམ་མཐུན་མཉམ་གནས་ཀྱི་དཔེ་སྟོན་ཡང་རེད།

“ཚྭ་ཁ་ལྷོ་སློབ་འབྲིང་དུ་ད་ཆ་འཛིན་གྲྭ་30དང་སློབ་མ་1200ལྷག་ཙམ་ཡོད། དགེ་རྒན་ལས་བཟོ་143ཡོད་པ་དེ་དག་ལྗོངས་ཕྱི་ནང་གི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་13ནས་ཡོང་བ་རེད། ལོ་མང་རིང་སློབ་གྲྭས་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མི་རིགས་མཐུན་སྒྲིལ་ནི་དོན་ཆེན་ཡིན་པ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་ལས་དོན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སློབ་གྲྭའི་རྒྱུན་གཏན་ལས་དོན་ནང་ཁྱབ་པར་བྱས་ནས་སློབ་ཁང་གཙོ་བོར་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ནས། དགེ་སློབ་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཡོད”ཅེས་ཚྭ་ཁ་ལྷོ་སློབ་འབྲིང་གི་སློབ་སྤྱི་གཞོན་པ་ཀྲའོ་ཤིང་དབང་གིས་དེ་ལྟར་ངོ་སྤྲོད་བྱས།

འཇང་མི་རིགས་ཤང་ནི་སྨར་ཁམས་རྫོང་གི་མི་རིགས་མཐུན་སྒྲིལ་གྱི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་སྨར་ཁམས་རྫོང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་ཡར་ཐོན་མདུན་གྲལ་དུ་ཧུར་ཐག་སླེབས་པ་དང་། ལམ་སྲོལ་འཛུགས་པ་དང་བྱ་ཐབས་ཁ་གསལ་བཟོ་བ། དཔེ་བཟང་སྣེ་ཁྲིད་ལ་མཐོང་ཆེན་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་ལས་དོན་གྱི་ཤུགས་རྒྱག་ས་དང་དོན་ལ་བབས་སར་བྱས་ཏེ་ཚང་མས“མཐུན་སྒྲིལ་ལ་སྣང་ཆེན་དང་། བརྟན་ལྷིང་ལ་སྣང་ཆེན། འཕེལ་རྒྱས་ལ་སྣང་ཆེན་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི”རྣམ་པ་བཟང་པོ་ཞིག་བཏོད་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།