ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བྱ་བ་བཟང་པོ་བསྒྲུབས་ཏེ་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་ཤོག་ལུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ལམ་བཟོས་པའི་སྐོར་བཀོད་པ།

ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་བཟོ་དགོས་ཞེས་པ་ལྟར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་ཧུར་ཐག་བཏང་ནས་བྲག་གཡབ་རྫོང་བྱམས་མདུན་གྲོང་རྡལ་ཤོག་ལུང་གྲོང་ཚོའི་མ་ལམ་2020ལོའི་ལོ་སྨད་དུ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཅིང་། དེས་ཡུལ་དེའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་པས། མང་ཚོགས་ཀྱིས་དཀའ་བ་སྤྱད་དེ་ཕྱུག་འགྱུར་གྱི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་འདུན་པ་དེ་བས་ཆེ་རུ་ཕྱིན་པ་རེད།

“མཐའ་མའི་འགག་གནད”ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཚོད་འཛིན་བཟོས་ཤིང་། རྨང་གཞི་བརྟན་དུ་བཏང་ཚེ་གཞི་ནས་དམངས་འཚོར་ཕན་འདོགས་ཐུབ་པ་དང་གྲོང་གསེབ་དར་རྒྱས་དེ་བས་ལེགས་ལ་བརྟན་པོའི་ངང་ལག་ལེན་བསྟར་ཐུབ། གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་རྩིས་བཤེར་ཐིང་གི་ལས་དོན་རུ་ཁག་བཅའ་སྡོད་བྱས་ཚུན་དམངས་ཀྱི་བདེ་སྡུག་འདྲི་བ་དང་དམངས་ཀྱི་འདུན་པ་ཤེས་རྟོགས་ཧུར་ཐག་བྱས་ཤིང་། བརྟག་ཞིབ་བྱེད་རིང་ར་ཟད་ཚོགས་ཆུང་དང་ཝ་མདའ་ཚོགས་ཆུང་ལ་ད་བར་ལམ་ཤར་གཏོང་ཐུབ་མེད་པ་དང་ལྷག་པར་དུ་ཝ་མདའ་ཚོགས་ཆུང་གི“མཐའ་མའི་འགག་གནད”ད་བར་ཐག་གཅོད་ཐུབ་མེད་ལ། ད་ཡོད་ཀྱི་ལམ་ནི་སྦག་སྦག་ཐར་ཙམ་གྱི་གུ་དོག་ལ་གཡང་གཟར་བའི་ལམ་ཆུང་ཡིན་པ་དང་གུ་དོག་ཤོས་སུ་མི་གཅིག་རྐང་ཐང་མར་འགྲོ་ཐུབ་ཙམ་ལས་མེད་པ་ཤེས་རྟོགས་བྱུང་ཡོད།

གྲོང་སྡོད་ལས་དོན་རུ་ཁག་གིས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་རྗེས་རང་འགུལ་ངང་མང་ཚོགས་དང་མཉམ་དུ་འགྲོ་ལམ་གྱི་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་ལམ་ཐིག་འཆར་འགོད་ལ་གྲོས་བསྡུར་བྱས་པ་དང་། རྣམ་གྲངས་ཀྱི་འཆར་འགོད་བཟོ་བ། འཛུགས་སྐྲུན་ཇུས་གཞིར་དབྱེ་ཞིབ་བརྡར་གཅོད་བཅས་བྱས་ཏེ་མངགས་གཏོང་ཚན་པའི་རྒྱབ་སྐྱོར་ཤུགས་ཆེན་འོག་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་10ལྷག་ཙམ་རག་པ་རེད། དེ་རྗེས་གྲོང་སྡོད་ལས་དོན་རུ་ཁག་གིས་རྣམ་གྲངས་ཀྱི་དཔྱད་གཞི་འཐུས་སྒོ་ཚང་དུ་བཏང་སྟེ་བྲེལ་བརྩོན་ཆེན་པོས་ཆབ་མདོ་གྲོང་ཁྱེར་དང་བྲག་གཡབ་རྫོང་དུ་ཨར་སྐྲུན་ཚན་པ་འདེམས་པར་བསྐྱོད་པ་དང་ས་གནས་ས་ཐོག་ཏུ་རྩད་ཞིབ་ཐེངས་མང་བྱས་མཐར། 2021ལོའི་ལོ་མཇུག་ཏུ་རྣམ་གྲངས་དེ་དོན་འཁྱོལ་བྱུང་བ་དང་འབྲེལ་2022ལོའི་ཟླ་3པའི་ཟླ་འགོར་ཨར་སྐྲུན་བྱས་པ་རེད།

“གང་དུ་ཨར་སྐྲུན་བྱས་ཚེ་དེ་གར་ལས་དོན་རུ་ཁག་གི་གཟུགས་བརྙན་མཐོང་རྒྱུ་ཡོད”ལས་གྲྭའི་སྤུས་ཚད་དང་ལས་གྲྭའི་མྱུར་ཚད་འགན་ལེན་བྱ་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཉམ་དུ་ལམ་བཟོས་པ་རེད།

ཟླ་བ་གཅིག་ཙམ་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་འགྲོ་ལམ་གཉིས་བདེ་བླག་ངང་བསྐྲུན་ཟིན་པ་དང་ཁོད་སྙོམས་པའི་སེག་མའི་ལམ་དང་ཡངས་པའི་རླངས་འཁོར་འཇོག་ས་མིག་ལམ་དུ་འཆར་སྐབས་མང་ཚོགས་ལ་དགའ་སྣང་ཆེན་པོ་བྱུང་ཡོད། མིག་སྔར་འགྲོ་ལམ་གཉིས་པོ་དེ་ཚོགས་ཆུང་ཁག་ལ་བདག་སྐྱོང་དང་སྤྱོད་རྒྱུར་རྩིས་སྤྲད་པ་དེས་མང་ཚོགས་ཀྱི་རྒྱུན་གཏན་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་རེད།

ལམ་ཆུང་དེ་གཉིས་ནི་མང་ཚོགས་ལ་སེམས་ཁུར་བྱེད་པའི“དམངས་འཚོའི་ལམ”དང་ཏང་དང་མང་ཚོགས་དབར་གྱི“སེམས་སྦྲེལ་ཟམ་པ”རེད་ལ། གྲོང་སྡོད་ལས་དོན་རུ་ཁག་དང་ཤོག་ལུང་གྲོང་ཚོའི་མང་ཚོགས་དབར་བརྩེ་སེམས་ཟབ་མོ་མཚོན་པའི་བདེན་དཔང་ངོ་མ་ཞིག་ཀྱང་རེད།

གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོའི་ཤ་རིད་དུ་དང་ཤ་རྩི་ནག་ཏུ་སོང་མོད། འོན་ཀྱང་མང་ཚོགས་དང་བརྩེ་སེམས་དེ་བས་ཟབ་ཏུ་སོང་ཡོད། ད་ཆ་དགུང་ཨ་སྔོན་སྤྲིན་དཀར་འོག་ཤོག་ལུང་གྲོང་ཚོའི་རི་རྩེ་ནས་ཐུར་དུ་ལྟ་སྐབས་འགྲོ་ལམ་གཉིས་པོ་དེ་ནི་སེར་མདོག་གི་སྒྲོག་ཐག་ཅིག་ལྟར་རང་བྱུང་ཚོགས་ཆུང་དང་འབྲེལ་ཡོད་ལ། ཏང་དང་མང་ཚོགས་ཀྱི་བྱེད་སྒོའི་ལྟེ་གནས་དང་འབྲེལ་ནས་མང་ཚོགས་དང་གྲོང་སྡོད་ལས་དོན་རུ་ཁག་དབར་གྱི་བརྩེ་སེམས་ཟབ་ཏུ་ཕྱིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།