ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ་3ཚེས་28ཉིན་བོད་ལ་དམངས་གཙོའི་བཅོས་སྒྱུར་བཏང་བ་དང་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་ངོ་63འཁོར་བ་རེད།

ལོ་རྒྱུས་ཐོག་བོད་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཡུན་རིང་ལག་བསྟར་བྱས་པས། རྒྱ་ཆེའི་ཞིང་བྲན་ཚོ“རང་ཉིད་ཀྱི་གྲིབ་གཟུགས་མ་གཏོགས་གཞན་ཅི་ཡང་མེད་པའི་བྲན་གཡོག”ཡིན་ལ། འཆི་གསོན་ཆགས་འཇིག་གི་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད། 1959ལོའི་ཟླ་3ཚེས་28ཉིན་བར་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་པས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་དང་བོད་དུ་རླབས་ཆེན་ལོ་རྒྱུས་ཀྱི་ལེའུ་གསར་པ་གཏོད་འགོ་ཚུགས་ཡོད།

ལོ་ངོ་63གྱི་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་དང་བོད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ནས་རྩོད་ཐབས་བྲལ་བའི་དོན་དངོས་ཐོག་ནས། ཀྲུང་གོ་གུང་ཁྲན་ཏང་མེད་ན་དེང་གི་བོད་ལྗོངས་གསར་པ་མེད་པའི་བདེན་དཔང་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་ཚུན། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་གཟིགས་སྐྱོང་སྲིད་ཇུས་མང་པོ་བཟོས་པ་དང་དུས་སྐབས་མི་འདྲ་བར་བོད་ཀྱི་ཡུན་རིང་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གཙོ་གནད་རྣམ་གྲངས་འབོར་ཆེན་ཞིག་བཀོད་སྒྲིག་བྱས་ཡོད། དམངས་གཙོའི་བཅོས་སྒྱུར་ནས་དཔལ་འབྱོར་འཛུགས་སྐྲུན་དང་ཁ་གཏད་བོད་སྐྱོར་བར་དང་། དབུལ་སྒྲོལ་འགག་སྒྲོལ་སོགས་བར་གྱི་འཐབ་ཇུས་གལ་ཆེན་རེ་རེ་ལས་རང་བྱུང་ཆ་རྐྱེན་ཞན་པའི་བོད་ལྗོངས་འདི་ཉིད་དུས་ཐུང་ལོ་བཅུ་ཕྲག་འགའ་ཤས་ནང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཚོར་ཐུབ་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་རླབས་ཆེན་སྟོབས་ཤུགས་མྱོང་ཚོར་ཐུབ་པ་བཅས་བྱུང་བ་རེད།

ལོ་རྒྱུས་ཀྱི་འཁོར་ལོ་མདུན་ཕྱོགས་སུ་འཁོར། ལོ་ངོ་63གྱི་རྗེས་སུ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་འགོ་འཛུགས་ས་གསར་པའི་ཐོག་བོད་ཀྱི་བུ་ཕྲུག་ཁྲི་364ཡིས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་དཔའ་ཉམས་ལྡན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བཞིན་ཡོད།

དུས་རབས་གསར་པར་འབད་འབུངས་མདུན་སྐྱོད་བྱེད། རྒྱང་སྐྱོད་ལམ་བུ་གསར་པར་བྱས་རྗེས་འཇོག དུས་རབས་གསར་པར་བོད་ལྗོངས་གསར་པ་འབད་འབུངས་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་སྟོབས་ཤུགས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལ་སྔ་བར་ཕྱི་གསུམ་དུ་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་ལས་བྱུང་བ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་། འཐབ་འགོད་ཇུས་འདོན། འཐབ་ཇུས་ཀྱི་བརྗིད་ཆེའི་འཆར་འགོད་བཅས་གནང་བ་ལས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་པ་རེད།

“རི་བོ་ཧི་མ་ལ་ཡ་མཐོ་ཡང་རྩེ་མོ་ཡོད། ཆུ་མོ་ཡར་ཀླུང་གཙང་པོ་རིང་ཡང་ཆུ་འགོ་ཡོད། བོད་རིགས་མི་དམངས་སྡུག་བསྔལ་ཆེ་ཡང་མཐའ་ཡོད། གུང་ཁྲན་ཏང་སླེབས་ནས་སྡུག་བསྔལ་བདེ་ལ་འཁོད”ལོ་ངོ་63རིང“མི་དམངས་ལྟེ་བར་འཛིན”ལོ་རྒྱུས་ཀྱིས་བོད་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཇི་མ་ཇི་བཞིན་ཟིན་ཐོར་བཀོད་པ་སྟེ། འཁྱགས་པ་བརྟོལ་ནས་ཆུ་ལེན་པ་ནས་རང་འབབ་ཆུ་ཀ་ལ་བར་དང་། མི་ཕྱུགས་ཀྱི་སྒལ་པར་འཁུར་བ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་བར། ཁྱིམ་ཚང་ཚང་མས་ལྕི་བར་བརྟེན་ནས་མེ་གཏོང་བ་ནས་ནུས་རྒྱུ་གཙང་མའི་གློག་གངས་ལྗོངས་ས་མཐོར་ཁྲིད་པའི་བར། སྨན་པ་དང་སྨན་དཀོན་པ་དང་ཡིག་རྨོངས་མང་བ་ནས་སློབ་གྲྭ་དང་སྨན་ཁང་གང་སར་ཁྱབ་པ་སོགས་བར། ད་ཆའི་བོད་ཀྱི་མི་དམངས་དེ་སྔའི་དུས་སྐབས་གང་རུང་ཞིག་ལས་ཀྱང་སེམས་ཤུགས་ཀྱིས་ཁེངས་ཡོད། “ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ”ནི་གངས་ལྗོངས་ས་མཐོའི་མི་དམངས་ཀྱི་སྲ་ཞིང་བརྟན་པའི་དད་སེམས་སུ་གྱུར་ཡོད།

འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུའི་ལོ་ཡིན་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འགག་རྩའི་ལོ་ཞིག་ཀྱང་ཡིན་པས། བོད་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པ་དང་ཤུགས་རྐྱེན་ཟབ་པོ་ལྡན་ཡོད། ཏང་གི་བོད་སྐྱོང་མཛད་ཇུས་དོན་ཐོག་ཏུ་འཁྱོལ་ཚེ་བོད་ཀྱིས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།