ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་བསྐྲུན་ནས་རི་ཀླུང་དེ་བས་མཛེས་སྡུག་ལྡན་པར་བྱེད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ཕན་ལོ་ཤས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་བླང་བྱ་གལ་ཆེན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་རང་སྐྱོང་ལྗོངས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་དེ་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི་མཐོ་ཚད་ཀྱི་ཐོག་ནས་ཐབས་ཇུས་དངོས་འདོན་པ་དང་ཇུས་བཟང་དོན་གཉེར་དང་། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་ཧུར་ཐག་གཏོད་པ་བཅས་བྱས་ནས་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཁྲོད་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོས་མཛེས་སྡུག་རྣམ་པར་རོལ་ཐུབ་པ་དང་རི་སྔོན་ཆུ་དྭངས་ཁྲོད་གསེར་རི་དངུལ་རིའི་རྣམ་པར་རོལ་ཐུབ་པ་བྱས་ཡོད།

སྙིང་རུས་གཏན་འཁྱོངས་བྱས་ནས་ས་མཐོ་སྔོ་ལྗང་གིས་བརྒྱན།

“དེ་གར་ས་བབ་མཐོ་ཚད་སྨི་4460ཡོད། ན་ནིང་ངས་བཏབ་པའི་རྩྭ་རིང་ཚད་སྨི་གཉིས་ཙམ་སྐྱེས་འདུག ཉེ་དུས་ང་ཚོས་ས་བསློགས་བརྒྱབ་ནས་རྫས་ལུད་བརྒྱབ་སྟེ་ཟླ་དྲུག་པར་རྩྭ་སོན་འདེབས་རྩིས་བྱེད་བཞིན་ཡོད”ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གེ་དམར་གྲོང་ཚོའི་གྲོང་མི་བཀྲ་གཡང་ལས་ཀ་ཚར་ནས་ཡངས་ཤིང་ཁོད་སྙོམས་པའི་རྩྭ་ཐང་ལ་རྒྱང་ལྟ་བྱེད་བཞིན“ད་ཆ་ཟླ་ཕོགས་ལེན་རྒྱུ་ཡོད་ལ། ད་དུང་ལོ་མཇུག་ཏུ་རྩྭ་ར་དང་མགོ་ཕྱུགས་དགའ་བདེ་དབུལ་སྐྱོར་ཕྱུགས་རིགས་ཐོན་ལས་དཔེ་སྟོན་རྟེན་གཞིར་ནང་བཤུག་བཏང་བའི་མ་རྐང་དངུལ་ལེན་རྒྱུ་ཡོད་པས་འཚོ་བའི་ཡོང་ཁུངས་བརྟན་པོ་ཡོད”ཅེས་བརྗོད་བྱུང་།

བྱང་རྩྭ་ཐང་གི་འབྲོག་པ་རྣམས་སྐྱས་སྤོས་རྩྭ་གསོ་ལས་བྱུང་བའི་དགའ་སྤྲོའི་རྣམ་པར་རོལ་བཞིན་ཡོད་ལ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་ལྷོ་ཁ་དང་གཞིས་རྩེའི་མང་ཚོགས་རྣམས་ཀྱིས་ཀྱང་བྱེ་རླུང་གི་གནམ་གཤིས་ཉུང་དུ་ཕྱིན་པའི་ཚོར་སྣང་བྱུང་ཡོད། ལོ་བཅུ་གྲངས་གོང་ལྷོ་ཁ་དང་གཞིས་རྩེ་ནི་བོད་ཀྱི་བྱེ་རླུང་མང་ཤོས་ཀྱི་ས་ཆ་རེད། ལོ་མང་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། ད་ཆ་ས་ཁུལ་དེ་གཉིས་ཀྱིས་ཡར་ཀླུང་གཙང་པོ་དང་མྱང་ཆུ་གཙང་པོའི་རྒྱུད་དུ་རིང་ཚད་སྤྱི་ལེ་བརྒྱ་ཟིན་པའི་འགོག་སྲུང་ཤིང་ནགས་མ་ལག་བསྐྲུན་པར་བརྟེན། གཙང་པོའི་རྒྱུད་ཀྱི་ས་ཞིང་དང་རྩྭ་ར་མུའུ་ཁྲི་བརྒྱར་སྲུང་སྐྱོང་ནུས་ལྡན་ཐུབ་ནས། བྱེ་རླུང་ལྡང་བའི་གནམ་གཤིས་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད།

སྐྱས་སྤོས་རྩྭ་གསོ་དང་། ཤིང་འཛུགས་ནགས་བཟོ། བྱེ་འགོག་བྱེ་བཅོས་བཅས་ཀྱི་འདུ་འགོད་ནི་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བའི་ནང་དོན་གྱི་ཆ་ཤས་ཤིག་རེད། གྲངས་གཞི་ལས་མངོན་པར། ད་ཆ་རང་ལྗོངས་ཀྱིས་བྱེ་འགོག་བྱེ་བཅོས་དང་། རྨོ་སྐྱུར་སྐྱས་སྤོས། ནགས་གསོ་རྩྭ་གསོ། འདམ་ར་གལ་ཆེན་སྲུང་སྐྱོང་སླར་གསོ། རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་སོགས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པར་བརྟེན། ནགས་ཚལ་དང་རྩྭ་འདེབས་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་ནགས་ཚལ་ཁྱབ་ཚད་12.51%འཕར་བ་དང་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་50%ཡན་བར་འཕར་ནས་བོད་སྔར་བཞིན་འཛམ་གླིང་གི་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྲས་ཤིག་རེད།

སྲུང་སྐྱོང་སྔོན་ལ་བཞག་ནས་སྔོ་ལྗང་འཕེལ་རྒྱས་བཏང་བ།

ལྷ་ཉིང་ལྕགས་ལམ་ནི་བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་དེ་རེད་ལ། བོད་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་དགུ་པའི་ལྷ་ཉིང་ལྕགས་ལམ་རྣམ་གྲངས་སྤྱི་ཁྱབ་བཟོ་སྐྲུན་པ་ལོ་ཀྲེང་ཕིང་གིས་ངོ་སྤྲོད་བྱས་པར། ལྷ་ཉིང་ལྕགས་ལམ་གྱི་ལམ་རྒྱུད་དེ་རང་བྱུང་སྲུང་སྐྱོང་ཁུལ་དང་། མཛེས་ལྗོངས་གྲགས་ཅན་ཁུལ། གནའ་ཤིང་མང་བ་བཅས་སུ་འཁེལ་བས་ལྕགས་ལམ་སྐྲུན་སྐབས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་དང་། ཨར་པོའི་གད་སྙིགས་ཚན་རིག་དང་མཐུན་པའི་ངང་ཐག་གཅོད། སྐྱེ་ཁམས་ཕྱོགས་བསྡུས་སླར་གསོ་སོགས་ཀྱི་ལག་རྩལ་སྤྱད་དེ་ཨར་པོའི་ལམ་རྒྱུད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པ་བྱས་པ་མ་ཟད། མཐོ་གྲང་དུ་འདེབས་འཛུགས་དང་ཐིགས་ཆུའི་ལག་རྩལ་ལ་བརྟེན་ནས་རིང་ཚད་སྤྱི་ལེ་བརྒྱ་གྲངས་ཀྱི་སྔོ་ལྗངལམ་དང་སྐྱེ་ཁམས་ལམ་བསྐྲུན་ཡོད།

སྔོ་ལྗང་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་རེད། ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་བརྟན་པོར་བཙུགས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྐྲུན་པའི་འགན་འཁྲི་རང་འགུལ་ངང་འཁུར་བ་དང་། ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཐབས་ཇུས་མཐའ་འཁྱོངས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བཅས་བྱས་པ་མ་ཟད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྐྱེ་ཁམས་སྲུང་སྐྱོང་སྔོན་འགྲོར་བྱས་ཏེ་ཆུ་ཤུགས་གློག་ཁང་གི་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་བཏང་བ་དང་། གཙོ་གནད་ཐོན་ཁུངས་གསར་སྤེལ་དང་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་གྱི་སྐྱེ་ཁམས་ལྟ་འདོམས་ལག་བསྟར་ནན་པོ་བྱས་ཏེ། གསར་སྤེལ་འཛུགས་སྐྲུན་གྱིས་སྐྱེ་ཁམས་ལ་གཏོར་སྐྱོན་གཏོང་ཚད་ཆུང་དུ་བཏང་ནས། སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་ཐུབ་པར་བྱས་ཡོད། དཔལ་འབྱོར་འཛུགས་སྐྲུན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཐུས་ཤོར་མི་འགྲོ་བ་བྱས་ནས་མཐའ་ཚད་དང་དམར་ཐིག་ལ་བརྟེན་ནས་གནམ་སྔོན་ཆུ་དྭངས་སྲུང་སྐྱོང་བྱས་ཡོད།

སྐྱེ་ཁམས་ལ་བརྟེན་ནས“སྔོ་ལྗང་སྤུས་རྟགས”བཏོད་པ།

ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་ཟམ་གདོང་གྲོང་ཚོ་དང་ཡར་ཀླུང་གཙང་པོ་དབར་བར་ཐག་སྤྱི་ལེ་5ཡང་མེད་ཅིང་། 2020ལོའི་ཟླ་བརྒྱད་པར་ལས་མཇུག་འགྲིལ་བའི་གྲོང་ཚོའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་སྒོ་ཕྱེ་ནས་ལོ་གཉིས་སོང་ཡོད། “སྐྱེ་ཁམས་ཡུལ་སྐོར་ལས་མཉམ་སྡེབ་ལ་ཡོང་འབབ་མང་པོ་བྱུང་བ་མ་ཟད། དེ་གའི་རྩི་ཤིང་དང་རི་ཆུར་སྲུང་སྐྱོང་ཐུབ་ཡོད”ཅེས་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ནོར་བུས་གསར་འགོད་པར“ཟམ་གདོང་གྲོང་ཚོ་2018ལོར་དབུལ་ཞྭ་ཕུད་མོད། འོན་ཀྱང་གྲོང་མིས་བཏབ་པའི་ཤིང་འབྲས་ལ་རིན་གོང་མཐོ་པོ་རག་གི་མེད། 2019ལོར་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་འབྲེལ། ‘ཟམ་གདོང་གྲོང་ཚོའི་ཞིང་པའི་སྤྲོ་སྐྱིད་ཁང’དེ‘ཟམ་གདོང་གྲོང་ཚོའི་སྐྱེ་ཁམས་ཡུལ་སྐོར་ཞབས་ཞུའི་ལྟེ་གནས’ལ་མིང་བསྒྱུར་བས། གྲོང་མི་ཚོས་སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་བསགས་ཏེ་ཕྱུག་པོའི་ལམ་དུ་བསྐྱོད་ཡོད”ཅེས་བརྗོད་བྱུང་།

ད་ཕན་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོས་གདོད་མའི་ཁམ་སྡོང་ལ་བརྟེན་ནས་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་ཞིང་། གྲོང་མི་ཚོ་དང་ཐོག་ཡིད་ཆེས་ལ་མ་ཆེས་ནས་ཕྱིས་སུ་མི་ཚང་མ་ཞུགས་ཡོད། “མཛེས་ལྗོངས་ཁུལ་དོ་དམ་དང་། ཁྱད་ལྡན་བཟའ་བཏུང་། བོད་ཆས་གྱོན་ནས་པར་རྒྱག་པ། མདའ་འཕེན་རྟ་བཞོན་སོགས་དཔྱིད་དུས་སུ་ཉིང་ཁྲིར་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་མཁན་མང་པོ་ཡོད་པས། གྲོང་མི་ཚང་མ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། ན་ནིང་ཁམ་བུའི་མེ་ཏོག་དུས་ཆེན་དུ་གྲོང་ཚོའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་420ལྷག་ཙམ་བྱུང་ཡོད”ཅེས་གྲོང་ཚོའི་ཡུལ་མི་ཟླ་བ་རྒྱལ་མཚན་གྱིས་དགའ་སྤྲོའི་ངང་བརྗོད་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།