ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྗོངས་ཆབ་མདོའི་རྒྱུད་འདྲེས་བེའུ་ཐོག་མ་དེ་བདེ་བླག་ངང་བཙས་པ།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2022-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན་གྱི་ཞོགས་པའི་ཆུ་ཚོད8དང་ཕྱེད་ཀའི་ཐོག་ཏུ། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་གོ་འཇོ་རྫོང་གི2021ལོའི་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ཀྱི་རྗེས་རབས་པའི“ཡར་ཀླུང་གཙང་པོའི་གངས་གླང་ཨང་དང་པོ་རྟགས་ཅན”གྱི(ཨན་ཀོ་སིས་ཕ་རྒྱུད་བྱས་པ(འཁྱགས་ཁུ)དང་ས་གནས་ཀྱི་མཛོ་མོས་མ་རྒྱུད་བྱས་པ)བེའུ་ཐོག་མ་དེ་ཆབ་མདོ་གྲོང་ཁྱེར་གྱི་གོ་འཇོ་རྫོང་ལྷ་རྒྱལ་ཞང་གི་ཉག་ལེབ་གྲོང་ཚོར་བདེ་བླག་ངང་བཙས་པ་རེད།

1.jpg

གོ་འཇོ་རྫོང་གི2021ལོའི་འབྲི་གཡག་དཔལ་འབྱོར་རྒྱུད་འདྲེས་ཀྱི་རྗེས་རབས་པའི“ཡར་ཀླུང་གཙང་པོའི་གངས་གླང་ཨང་དང་པོ་རྟགས་ཅན”གྱི་བེའུ་ཐོག་མ།

ལྷ་རྒྱལ་ཞང་གི་ཉག་ལེབ་གྲོང་ཚོའི་སྨན་པ་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་འབྱོར་རྗེས། གོ་འཇོ་རྫོང་གི་ཞིང་འབྲོག་ཚན་རྩལ་ཁྱབ་སྤེལ་ཞབས་ཞུ་ལྟེ་གནས་ཀྱི་ལག་རྩལ་མི་སྣ་དང་ལྷ་རྒྱལ་ཞང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་དུས་ཐོག་ཏུ་ཡུལ་དངོས་སུ་འབྱོར་ནས། མཛོ་མོའི་གཟུགས་པོའི་གནས་ཚུལ་དང་བེའུ་སྐྱེས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་དང་འབྲེལ་ཡུལ་དངོས་སུ་གཞི་གྲངས་འཚོལ་བསྡུ་དང། གསོ་ཚགས་བྱ་ཐབས་ལ་མཛུབ་ཁྲིད་བྱས་པ། བེའུ་ལ་དྲོད་སྲུང་བྱ་ཐབས་དང་དེ་བཞིན་རྒྱུན་གཏན་གྱི་འོ་མ་བསྣུན་སྐབས་དོ་སྣང་བྱ་དགོས་པའི་གནད་དོན་སོགས་འགྲེལ་བཤད་བརྒྱབ་པ་རེད།

2.jpg

གོ་འཇོ་རྫོང་ཕྱུགས་ལས་ས་ཚིགས་ཀྱི་ལས་བྱེད་མི་སྣས་བེའུ་ལ་གཟུགས་པོའི་རིང་ཚད་འཇལ་བ།

རྒྱུས་ལོན་བྱས་པ་ལྟར་ན། བེའུ་དེ་ནི་ཨན་ཀོ་སིས་ཕ་རྒྱུད་དང་ཡུལ་དེའི་མཛོ་མོས་མ་རྒྱུད་བྱས་པའི་རྗེས་རབས་པ་ཡིན། མིག་སྔར་བེའུ་དེའི་གཟུགས་པོའི་གནས་ཚུལ་ཡག་པོ་ཡོད་ཅིང་། ཐོག་མའི་སྐབས་ཀྱི་གཟུགས་པོའི་ལྗིད་ཚད་ལ་རྒྱ་མ36.8དང་། གཟུགས་པོའི་མཐོ་ཚད་ལ་ལི་སྨི58། གཟུགས་པོའི་གསེག་ཚད་ལ་ལི་སྨི81། སྦོམ་ཚད་ལ་ལི་སྨི12། བྲང་ཞེང་ལ་ལི་སྨི70བཅས་ཡོད་པ་རེད། གོ་འཇོ་རྫོང་གི་ཕྱུགས་ལས་ས་ཚིགས་ཀྱི་ཕྱུགས་ལས་དགེ་རྒན་ཚེ་རིང་བུ་ཁྲིད་ཀྱིས། “གོ་འཇོ་རྫོང་གི་ཕྱུགས་ལས་ས་ཚིགས་ཀྱིས2021ལོའི་ཟླ3པ་ནས་བཟུང་དུད་ཚང་དུ་བསྐྱོད་དེ་འབྲི་གཡག་གི་དཔལ་འབྱོར་རྒྱུད་འདྲེས་སྲིད་ཇུས་དྲིལ་བསྒྲགས་བྱེད་འགོ་ཚུགས་པ་ཡིན་ལ། ན་ནིང་གི་ཟླ6པའི་ཟླ་དཀྱིལ་ནས་བཟུང་རྒྱུད་སྤེལ་ལས་དོན་བསྒྲུབས་པ་ཡིན། ཕྱུགས་ལས་ལག་རྩལ་མི་སྣའི་ཐུན་མོང་གི་འབད་བརྩོན་འོག་གཤམ་སྤྲོད་བྱས་པའི་ལས་འགན700ལྷག་ཙམ་ཡོད་པ་དང་། ད་ཆ་མགོ་གྲངས632ལེགས་གྲུབ་ཟིན་ཡོད། རྗེས་ཕྱོགས་ང་ཚོས་མང་ཚོགས་རྣམས་འབྲི་གཡག་གི་དཔལ་འབྱོར་རྒྱུད་འདྲེས་རྣམ་གྲངས་ནང་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཡུལ་དེའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།

3.jpg

གོ་འཇོ་རྫོང་ཕྱུགས་ལས་ས་ཚིགས་ཀྱི་ལས་བྱེད་མི་སྣས་གྲོང་མི་བསོད་ནམས་བཟང་པོ་ལ་གསོ་ཚགས་ཀྱི་དྲོད་སྲུང་བྱ་ཐབས་མཛུབ་ཁྲིད་བྱེད་བཞིན་པ།

གོ་འཇོ་རྫོང་གི་ལྷ་རྒྱལ་ཞང་ཉག་ལེབ་གྲོང་ཚོའི་གྲོང་མི་བསོད་ནམས་བཟང་པོ་ཡིས་རང་ཁྱིམ་གྱི་གསར་སྐྱེས་བེའུ་ལ་ལྟ་བཞིན་དུ་གདོང་ལ་མཛུམ་གྱིས་ཁེངས་ཏེ། “རྫོང་གི་ལས་བྱེད་མི་སྣའི་རོགས་རམ་འོག་ངེད་ཚང་གི་འབྲི་གཡག་ལའང་རྒྱུད་སྤེལ་བྱས་ཡོད། བརྒྱུད་རིམ་དེའི་ཁྲོད་དུ་ང་ཚོས་འབྲི་གཡག་ལ་གཟན་ཆས་ཁ་གསབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཁ་སང་སྐྱེས་པའི‘ཡར་ཀླུང་གཙང་པོའི་གངས་གླང་ཨང་དང་པོ་རྟགས་ཅན’གྱི་བེའུ་ཐོག་མ་དེ་སྔར་སྐྱེས་པའི་བེའུ་དང་མི་འདྲ་བར་གཟུགས་པོའི་ལྗིད་ཚད་དང་རིང་ཚད་སོགས་ཕྱོགས་གང་ཅིའི་ཐད་ནས་ཀྱང་ཇེ་ལེགས་སུ་ཡོད་པས། ཏང་དང་སྲིད་གཞུང་གིས་སྲིད་ཇུས་དེ་འདྲ་ཡག་པོ་ཞིག་ང་ཚོའི་སྒོ་ཁར་བསྐྱལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

4.jpg

གོ་འཇོ་རྫོང་གི“ཡར་ཀླུང་གཙང་པོའི་གངས་གླང་ཨང་དང་པོ་རྟགས་ཅན”གྱི་བེའུ་ཐོག་མ་དེའི་འཚོ་བའི་རྣམ་པ་གསར་ཤོས།

གོ་འཇོ་རྫོང་གི་ཞིང་འབྲོག་ཅུས་ཀྱི་འབྲེལ་ཡོད་ལས་བྱེད་མི་སྣས་བསྟན་དོན། རྒྱུད་སྤེལ་ནང་ཞུགས་པའི་མཛོ་མོར་རྗེས་འདེད་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཡར་ཀླུང་གཙང་པོའི་གངས་གླང་སྐྱེ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་འབྲི་གཡག་གི་དཔལ་འབྱོར་རྒྱུད་འདྲེས་རྣམ་གྲངས་ཀྱི་སྲིད་ཇུས་དང་ཁ་གསབ་མ་དངུལ་གྱི་ཕན་འབྲས་སོགས་ཕྱོགས་གང་ཅིའི་ཐད་ནས་ཞིང་འབྲོག་མང་ཚོགས་ཁྲོད་ཀྱི་ཤེས་རྟོགས་ཐུབ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།