ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ལྕགས་ལམ་བཟོ་པའི་བོད་ཀྱི་ལོ་གསར།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1c90fe28-2edc-47be-bad2-b8cda2f4cb78.jpg

བོད་ཀྱི་ལོ་གསར་རིང་རང་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་སྒོ་ནས་ལོ་གསར་དགའ་གཏོང་བྱས་ཤིང་། འདི་ནི་བོད་ཆས་སྤྲས་པའི་བུ་མོ་ཆུང་ཆུང་གིས་ཕྱེ་མར་ཟ་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ཀྱི་ལོ་གསར་གྱི་ཉིན་གཉིས་པར། དུད་ཁྱིམ་ཚང་མ་དགའ་ཉེ་སྤུན་མཆེད་ཀྱི་ཁྱིམ་དུ་བསྐྱོད་དེ་ནས་ཆང་བཀྱག་ནས་ཕན་ཚུན་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཚང་མའི་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། ལོ་37ལ་སླེབས་པའི་སྐར་མ་དར་རྒྱས་ཀྱིས་དགའ་ཉེ་སྤུན་མཆེད་དང་བཀྲ་ཤིས་བདེ་ལེགས་ཞུས་རྗེས་ལས་གོས་གྱོན་ནས་ནང་མིས་བཟོས་པའི་ཁ་ཟས་འཁྱེར་ཏེ་ལྷ་ས་སྣེའུ་ཁུལ་གསར་གྱི་འགྲུལ་སྐྱེལ་མེ་འཁོར་གྱི་སྒྲིག་ཆས་རྟེན་གཞིར་བསྐྱོད། 

“དུས་ཆེན་རིང་འགྲུལ་པ་འགྲོ་སྐྱོད་བྱེད་མང་བས་ང་ཚོ་ལྕགས་ལམ་བཟོ་པས་དེ་བས་ནན་པའི་ལས་ཀའི་ཚད་གཞི་ལག་བསྟར་བྱེད་དགོས། མེ་འཁོར་ཞབས་ཞུ་བ་ཞིག་གི་ངོས་ནས་མེ་འཁོར་མ་སྐྱོད་གོང་གི་དུས་ཚོད་སྤྱད་དེ་དུས་གཏན་མེ་འཁོར་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས་དུས་གཏན་མེ་འཁོར་བདེ་བླག་ངང་སྐྱོད་ཐུབ་པ་བྱེད་དགོས”ཞེས་སྐར་མ་དར་རྒྱས་ཀྱིས་བརྗོད། 

སྐར་མ་དར་རྒྱས་ནི་ཟི་ལིང་མེ་འཁོར་དུམ་བུའི་ལྷ་སའི་འགྲུལ་སྐྱེལ་མེ་འཁོར་གྱི་བཀོལ་སྤྱོད་འཁོར་ཁང་གི་མེ་འཁོར་ཞབས་ཞུ་བ་ཞིག་ཡིན་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་ས་མཐོའི་དུས་གཏན་མེ་འཁོར་ཐེངས་ZB901/B902ཀྱི་ལས་རེས་འཁོར་གཏོང་གི་འགན་འཁུར་གྱི་ཡོད། མེ་འཁོར་གྱི་ལྷུ་ལག་བཟོ་བ་ནས་འགྲུལ་པར་ཞབས་འདེགས་ཞུ་བའི་བར་སྐར་མ་དར་རྒྱས་ཀྱིས་ལས་རེས་འཁོར་གཏོང་གི་ཉམས་མྱོང་དང་སྐྱོན་ཤོར་སྐབས་ཉམས་གསོ་བྱེད་སྟངས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་པ་མ་ཟད། ད་དུང་ལས་སྒོའི་ཐད་བརྩོན་ཞིབ་ཧུར་ཐག་དང་ཡག་ཐོག་ཡག་བརྩེགས་ཡོང་བ་བྱས་པ་དང་སྦྲགས་བསམ་བློའི་ཐད་ཀྱང་ཏང་རྩ་འཛུགས་དང་ཉེ་བར་བཅར་ཡོད། 2018ལོར་སྐར་མ་དར་རྒྱས་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་རེད། 

2021ལོའི་ཟླ་6པར། ལྷ་ཉིང་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་ནས་འགྲུལ་པ་སྐྱེལ་འགོ་ཚུགས་པ་དང་གདམ་གསེས་བྱས་པ་བརྒྱུད། སྐར་མ་དར་རྒྱས་ཀྱིས་ལྷ་ས་ནས་ཉིང་ཁྲི་བར་གྱི་འགྲུལ་པའི་དུས་གཏན་མེ་འཁོར་ཐོག་མའི་ལས་རེས་འཁོར་གཏོང་གི་ལས་འགན་འཁུར་བ་རེད། “ཁྲོན་བོད་ལྕགས་ལམ་སྔ་ཙམ་ཤར་གཏོང་ཐུབ་པ་དང་ལྷ་ས་ནས་ཆབ་མདོ་བར་གྱི་དུས་གཏན་མེ་འཁོར་གྱི་ལས་རེས་འཁོར་གཏོང་གི་འགན་འཁུར་ནས་ཕ་མ་གཉིས་ངས་བཏང་བའི་དུས་གཏན་མེ་འཁོར་ནང་བསྡད་དེ་ལྷ་སར་ཁྲིད་ཐུབ་པའི་རེ་བ་ཡོད”ཅེས་ལོ་གསར་གྱི་རེ་འདུན་སྐོར་གླེང་སྐབས་སྐར་མ་དར་རྒྱས་ཀྱིས་སེམས་འགུལ་ཐེབས་བཞིན་དུ་འདི་ལྟར་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།