ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་བ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ལྷ་ས་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བ།

སྟོད་ལུང་བདེ་ཆེན་ཆུས་དམར་ཤང་མཚོ་སྨད་གྲོང་ཚོར་སྐྱོད་སྐབས། འགྲོ་ལམ་ཁོད་སྙོམས་ལ་གཙང་སྦྲ་དོད་པ་དང་། རི་བོ་སྔོ་ཞིང་ཆུ་མོ་དྭངས་བ། མཐའ་སྐོར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ། གྲོང་མིའི་སྡོད་ཁང་གྲལ་འགྲིག་པ་བཅས་མིག་ལམ་དུ་མངོན་པས་མཛེས་སྡུག་པིར་གྱིས་བྲིས་རི་མོ་ཞིག་དང་མཚུངས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཁྲོད་གྲུབ་འབྲས་མངོན་གསལ་དོད་པས་གྲོང་ཚོ་དེར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་གི་དཔེ་སྟོན་གྲོང་ཚོའི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང《ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་ལེགས་སུ་གཏོང་བའི་ལོ་ལྔའི་བྱ་སྤྱོད་ཇུས་གཞི(2021ལོ་ནས་2025ལོ་བར)》སྔོན་ཚུད་ནས་ཞིབ་འཇུག་བྱས་ཏེ་བཟོས་པ་དང་འབྲེལ་བཀྲམ་པ་དང་། རྫོང(ཆུས)ཁག་ལ་རྣམ་གྲངས་སྣ་ཚོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་11.16རག་ཐབས་བྱས་ནས། གྲོང་ཚོ(གྲོང་ལྷན)63གྱི་གྲོང་ཚོའི་འགྲོ་ལམ་དང་། བཙོག་ཆུ་གཙང་བསིང་། ཁོར་ཡུག་སྔོ་འགྱུར། གྲོང་ཚོའི་གློག་སྒྲོན། གྲོང་རྣམ་ལེགས་གཏོང་སོགས་ཐད་སྤྱད་པས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་ཡོད་པ་རེད།

མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་ཁྱོན་གྲོང་ཚོ་9ལ་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། གྲོང་ཚོ་14ལ་བོད་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་ལྡན་ལ་སྤྲོ་གསེང་དང་། བདེ་སྐྱིད་ལྡན་ལ་སྡོད་མལ་དང་འཚམ་པ། གཙང་ཞིང་གྲལ་འགྲིག་པ་བཅས་ཀྱི་དཔེ་སྟོན་གྲོང་ཚོའི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ནང་དོན་གྲས་ཤིག་ཡིན་པའི་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”ནི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བའི་ལྷུ་ཚིགས་གཙོ་བོ་ཞིག་རེད། ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་2021ལོའི་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེའི”ཁྱིམ་ཚང་གསང་སྤྱོད་གསར(བསྐྱར)སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བའི་ལས་དོན་ཇུས་གཞི》དང《ལྷ་ས་གྲོང་ཁྱེར་གྱི་གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་གནད་དོན་ལ་མཐིལ་རྟོགས་གྲལ་བཤེར་བྱེད་པའི་ལས་དོན་ཇུས་གཞི》བཟོས་ནས་བཀྲམ་སྟེ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འདི་ལོ་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་ཁྱིམ་ཚང་གསང་སྤྱོད་ཀྱི་ལས་ཀའི་དམིགས་ཚད་དང་། ལས་ཀའི་རྩ་དོན། ལས་ཀའི་ནང་དོན། སྒྱུར་བཀོད་ཚད་གཞི་བཅས་སྔར་བས་ཁ་གསལ་བཟོས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་ཀྱི་གསང་སྤྱོད་ཁྱབ་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད།

2021ལོའི་ཟླ་10པའི་ཟླ་མཇུག་བར་ལྷ་ས་གྲོང་ཁྱེར་གྱིས་དུད་ཚང་10055ཡི་གསང་སྤྱོད་སྒྱུར་བཀོད་བྱས་ནས་ལོ་ཧྲིལ་པོའི་ཁྱིམ་ཚང་གསང་སྤྱོད་སྒྱུར་བཀོད་འཆར་གཞིའི་105.66%ལེགས་སྒྲུབ་བྱས་ཡོད།

གྲོང་ཚོ་གཙང་སེལ་ཐད《ལྷ་ས་གྲོང་ཁྱེར་གྱི“ཁམས་གཙང་ཁྱིམ་གཞིས་མཉམ་དུ་བསྐྲུན་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུ་བའི”གྲོང་ཚོ་གཙང་སེལ་བྱ་སྤྱོད་ཀྱི་ལས་དོན་ཇུས་གཞི》བཟོས་ནས་བཀྲམ་སྟེ“འཛུགས་པ་གཅིག་དང་། བཤིག་པ་གཉིས། སྒྱུར་བཀོད་གསུམ། དོ་དམ་བཞི། གཙང་སེལ་ལྔ”བཅས་ཀྱི་བྱ་སྤྱོད་ཀྱི་ནང་དོན་ལ་དམིགས་ནས་དམངས་ཡོངས་ཀྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་གཏོང་ལ་དོ་ཁུར་དང་། ཞིང་པ་མང་ཚོགས་ཀྱི་རང་འགུལ་ངང་བྱ་སྤྱོད་སྤེལ་བ། སྤྱི་ཚོགས་ལས་རིགས་ཁག་ཧུར་ཐག་ཞུགས་པ་བཅས་ཀྱི་གྲོང་ཚོ་གཙང་སེལ་བྱ་སྤྱོད་ཀྱི་ཚ་རླབས་ཤིག་ཕྱོགས་ཡོངས་ནས་འཕྱུར་ཡོད།

2021ལོའི་ཟླ་10པའི་ཟླ་མཇུག་བར་ཁྱོན་འཚོ་བའི་གད་སྙིགས་དང་དེ་བཞིན་འགྱིག་ཤོག་ཏུན་21144.3དང་། གྲོང་ཚོའི་ཆུ་རྫིང་1758 གྲོང་ཚོའི་ཆུ་ཡུར་སྤྱི་ལེ་4991.4 ཆུ་ལམ་དང་མཚོ་སྤྱི་ལེ་5392.3བཅས་གཙང་སེལ་བྱས་པ་རེད།

དེ་དང་ཆབས་ཅིག མི་ཚང་མ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ནང་ཞུགས་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ལྷ་ས་གྲོང་ཁྱེར་གྱིས་རླུང་འཕྲིན་དང་། བརྙན་འཕྲིན། ཚགས་པར་དང་དུས་དེབ། སྐད་འཕྲིན། ཁྱུག་དབྱིངས་བརྙན་ལམ་སོགས་སྨྱན་སྦྱོར་བརྒྱུད་དུད་ཚང་དུ་བསྐྱོད་ནས་དྲིལ་བསྒྲགས་ཐེངས་4728བྱས་པར་ལྟ་མཁན་མི་ཐེངས་ཁྲི་16ཟིན་ཡོད་པ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་གཏོང་གི་དོན་སྙིང་གལ་ཆེན་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བྱས་ཏེ་མང་ཚོགས་ཀྱི་ཧུར་སེམས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྐུལ་སློང་བྱས་ཡོད་པ་རེད།

མིག་སྔར། ལྷ་ས་གྲོང་ཁྱེར་གྱི་འབྲོག་མ་གྲོང་ཚོ་དང་། ལྕགས་རུ་གྲོང་ཚོ། དམར་གྲོང་ཚོ། ཟས་ཞིམ་གྲོང་ཚོ། སྟག་གདོང་གྲོང་ཚོ། གསང་མདའ་གྲོང་ཚོ་སོགས་ཞིང་འབྲོག་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཁག་གཅིག་གིས་སྡོད་མལ་ཁོར་ཡུག་ལེགས་གཏོང་ལས་དོན་སྒྲིག་འཛུགས་དང་ལག་བསྟར་ནུས་ལྡན་བྱས་ཏེ་འགྱུར་ལྡོག་ཆེན་པོའི་རྣམ་པ་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཧུར་ཐག་མངོན་བཞིན་མཆིས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།