ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཡར་ཀླུང་གཙང་པོའི་རྒྱུད་ཀྱི“སྣེ་ཁྲིད་པ”

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— མེ་ཏོག་རྫོང་སྡི་གདོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་དང་པོ་ཀའོ་རུང་གི་སྐོར་བཀོད་པ།

ཀའོ་རུང་། སྐྱེས་པ། མོན་པ་རིགས། 1970ལོའི་ཟླ་3ཚེས་8ཉིན་སྐྱེས། བོད་ལྗོངས་མེ་ཏོག་རྫོང་འབྲས་སྤུངས་ཤང་སྡི་གདོང་གྲོང་ཚོའི་མི། ཀྲུང་གུང་ཏང་ཡོན། 1997ལོར་སྡི་གདོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར། 2013ལོའི་ཟླ་9པར་ཕུལ་བྱུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ནས་ཤང་གི་གཞུང་ལས་པར་བསྡུས།

མེ་ཏོག་རྫོང་ནི་རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཇུག་ཤོས་དེ་ཡིན་ཞིང་། གཞུང་ལམ་ཤར་གཏོང་མ་ཐུབ་གོང་ཕྱི་ཕྱོགས་དང་འགྲོ་འོང་བྱེད་སྐབས་ལ་རྒྱབ་ཀླུང་བརྒལ་དང་དོ་པོ་མིས་འཁུར་བའམ་རྟ་ཁལ་ལ་བརྟེན་ནས་དབོར་དགོས་ཀྱི་ཡོད། 1993ལོར་ལོ་23ལ་སླེབས་པའི་ཀའོ་རུང་དམག་ཞབས་ཐིམ་ནས་ཕ་ཡུལ་དུ་ལོག ཕ་ཡུལ་དང་གྲོང་ཁྱེར་དང་གྲོང་རྡལ་ཆེ་མོའི་དབར་གྱི་ཧེ་བག་མཐོང་སྐབས། རང་ཉིད་ཀྱིས་སྦྱངས་པ་མཐའ་དག་ལ་བརྟེན་ནས་ཕ་ཡུལ་གྱི་དབུལ་པོའི་རྣམ་པར་འགྱུར་ལྡོག་གཏོང་བ་དང་། གྲོང་ཚོར་ཆུ་དང་། གློག་འཁྲིད་པ་དང་ལམ་བཟོ་ཐུབ་པ། སྡི་གདོང་གྲོང་ཚོའི་ཡུལ་མི་རྣམས་འཚོ་བ་ཡག་པོ་སྐྱེལ་ཐུབ་པ། གྲོང་ཚོ་ཡོངས་ཀྱི་མི་རྣམས་ཀྱི་སྣེ་ཁྲིད་དེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་ཏུ་འགྱུར་བ་བཅས་བྱ་རྒྱུ་ནི་ཀའོ་རུང་གི་ཆེས་བློ་བརྟན་འགྱུར་མེད་ཀྱི་བསམ་འདུན་ཞིག་ཏུ་གྱུར་ཡོད།

1988ལོར་སྡི་གདོང་གྲོང་ཚོས་ད་ལྟའི་གནས་བབ་ལ་འགྱུར་ལྡོག་གཏོང་ཆེད། གྲོང་ཚོའི་ཏང་ཀྲི་པུས་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་གླིང་གུང་རིའི་ཆུ་ཡུར་བཟོས་ནས་ཆུ་བེད་སྒྲིག་བཀོད་ལེགས་སུ་བཏང་སྟེ་ཞིང་ལས་སྐྱེ་དངོས་ལ་ཐོན་འཕར་དང་འབབ་འཕར་ཡོང་རེ་བྱས་མོད། འོན་ཀྱང་སྡི་གདོང་གྲོང་ཚོ་གནས་སའི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བར་བརྟེན་གླིང་གུང་རིའི་ཆུ་ཡུར་བཟོ་ཐུབ་མེད། ཀའོ་རུང་གྲོང་ཚོར་ལོག་རྗེས་ཀྱི་བྱ་བ་དང་པོ་ནི་སེམས་ནུས་ཡོད་རྒུ་གླིང་གུང་རིའི་ཆུ་ཡུར་བཟོ་རྒྱུར་བཞག་པ་དང་། ཁོང་གིས་དམག་སྐུལ་དང་ལེན་བྱེད་སྐབས་ཤེས་པའི་ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱི་གློག་གཏོང་རྩ་བའི་རིགས་པ་དེ་དག་ཆུ་ཡུར་བཟོ་བར་སྤྱད་ནས་མང་ཚོགས་སྐུལ་སློང་ཧུར་ཐག་གིས་གོང་རིམ་འབྲེལ་ཡོད་སྡེ་ཚན་དང་རང་འགུལ་ངང་འབྲེལ་བ་དང་མཐུན་སྦྱོར་བྱས་ཏེ་རོགས་རམ་དང་རྒྱབ་སྐྱོར་ཐོབ་ཐབས་བྱས་ཤིང་། དོ་པོ་མིས་འཁུར་བ་དང་རྟ་ཁལ་གྱི་རྣམ་པའི་ཐོག་ནས་གངས་རི་བརྒལ་ཏེ་མེ་ཏོག་རྗོང་ཁོངས་མིན་པའི་ས་ཆ་གཞན་ནས་སྒྲིག་ཆས་དབོར་བ་རེད། ཕྱོགས་མང་པོ་ནས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྡི་གདོང་གྲོང་ཚོར་2005ལོར་མེ་ཏོག་རྫོང་གི་ལོ་རྒྱུས་ཐོག་དོན་སྙིང་དངོས་ལྡན་པའི་ཆུ་ཤུགས་གློག་ཁང་དང་པོ་དེ་བསྐྲུན་ནས་སྡི་གདོང་གྲོང་ཚོའི་ཞིང་འབྲོག་མང་ཚོགས་ལ་མདུན་སྐྱོད་ཀྱི་ལམ་བུ་གསལ་བར་བྱས་ཡོད། 2018ལོའི་ལོ་མཇུག་བར་སྡི་གདོང་གྲོང་ཚོའི་ཞིང་ཆུ་འདྲེན་ཡུར་ནས་གྲོང་ཚོ་ཡོངས་ཀྱི་རྨོ་ཞིང་80%ཡན་ལ་ཆུ་འདྲེན་ཐུབ་ཀྱི་ཡོད།

ཀའོ་རུང་གིས་སྡི་གདོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་རིང་འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་ཤང་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་གྲོང་ཚོ་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏང་གི་གཞི་རིམ་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་བྱས་ཡོད། གོང་རིམ་ཏང་རྩ་འཛུགས་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཁོང་གིས“དམར་གཉིས་འདུ་འགོད”ལ་བརྟེན་ནས་དམག་དཔུང་དང་ས་གནས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ལ་ཏང་གཤིས་སློབ་གསོ་སྤེལ་བ་དང་ཁྱིམ་ཚང་ཚང་མས་རྒྱལ་དར་བཀལ་ནས་ཏང་རྩ་འཛུགས་ལ་ཧུར་ཐག་བཅར་བ་རེད།

ཀའོ་རུང་གིས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད“ཕྲུ་གུ་ནི་ཁྱིམ་ཚང་གཅིག་གི་རེ་བ་ཡིན་ལ་མི་རིགས་ཤིག་གི་རེ་བ་ཡང་ཡིན་པ”བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་སྡི་གདོང་གྲོང་ཚོར་སྡི་གདོང་བུ་བཅོལ་ཁང་བསྐྲུན་ནས་སྡི་གདོང་གྲོང་ཚོའི་སློབ་ལོ་མ་ལོན་པའི་བྱིས་པ་གྲོང་ཚོ་དེ་རང་དུ་བཅོལ་ཉར་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

2016ལོའི་ཟླ་12པར། ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟིགས་སྐྱོང་དང་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག སྡི་གདོང་གྲོང་ཚོར་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པས་སྡི་གདོང་གྲོང་ཚོར་འཕེལ་རྒྱས་ཀྱི་དུས་སྐབས་གསར་པ་ཤར་ཡོད། རླངས་འཁོར་ཤར་གཏོང་ཐུབ་པ་དེ་ནི་སྡི་གདོང་གྲོང་ཚོར་མཚོན་ན་གོ་སྐབས་ཤིག་ཡིན་ལ་འགྲན་སློང་ཞིག་དེ་བས་ཡིན་པ་ཀའོ་རུང་ལ་ངོས་འཛིན་ཟབ་མོ་བྱུང་། 2017ལོར། ཀའོ་རུང་གིས་སྡི་གདོང་གྲོང་སྡེའི་ཡུལ་སྐོར་ལས་རིགས་གོང་འཕེལ་གཏོང་བའི་རྣམ་གྲངས་གྲ་སྒྲིག་ཧུར་ཐག་བྱས་ཤིང་། གྲོང་མིའི་ཚོགས་ཆེན་དང་། བཞུགས་མོལ་ཚོགས་འདུ། རིགས་གཅིག་མཁས་ཅན་ལ་བློ་འདྲི་སོགས་ཕྱོགས་མང་པོ་ནས་རིགས་པས་ཁུངས་སྐྱེལ་བྱས་པ་དང་བོད་སྐྱོར་ལས་དོན་རུ་ཁག་གི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་ཉན་པ་བརྒྱུད། མཐར་སྡི་གདོང་གྲོང་ཚོས་ཡུལ་སྐོར་ལས་རིགས་གཙོ་ཁྲིད་ཐོན་ལས་སུ་བྱེད་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་པ་དང་། མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་ས་ཁོངས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་མོན་པའི་དམངས་སྲོལ་ཉམས་ལེན་དང་མོན་པའི་ཞིམ་ཟས་མྱོང་རོལ་སོགས་ཀྱི་ཡུལ་སྐོར་རྣམ་གྲངས་འཆར་འགོད་བྱས་པ་མ་ཟད། འབྲེལ་ཡོད་མ་དངུལ་དང་། ལག་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་པ་རེད། དེ་དང་ཆབས་ཅིག དབུལ་སྐྱོར་ཞིང་ཁྱིམ་སྤྲོ་སྐྱིད་ཁང་དང་། ཆུ་ལོག་གི་གནོད་འཚེ་བཅོས་སྒྲིག་ལས་གྲྭ གཞུང་ལམ་སོགས་རྣམ་གྲངས་འཛུགས་སྐྲུན་ལ་མང་ཚོགས་ཞུགས་རྒྱུར་ཁྲིད་སྟོན་བྱས་པར་2017ལོར་གྲོང་ཚོ་ཡོངས་ལ་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་བྱུང་ནས་མི་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་བ་རེད།

ལོ་25ཡི་རིང་། ཀའོ་རུང་གིས་བློ་བརྟན་འགྱུར་མེད་ཀྱི་ཕུགས་བསམ་དད་སེམས་དང་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་ལ་བརྟེན་ནས་ཏང་གི་འགོ་ཁྲིད་དང་གོང་རིམ་སྡེ་ཚན་གྱི་ཐུགས་ཁུར་འོག་འགན་འཁྲི་ཧུར་ཐག་ཁུར་ནས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང“ལམ་གཉིས”ཀྱི་སྙིང་སྟོབས་གཞི་རིམ་གྱི་གུང་ཁྲན་ཏང་ཡོན་ཞིག་གི་ལུས་ཐོག་ཏུ་རྒྱུན་འཛིན་དང་དར་སྤེལ་བྱུང་བ་གང་ལེགས་མངོན་པར་བྱས་ཡོད། ཀའོ་རུང་གི་ལས་དོན་གཟེངས་སུ་ཐོན་པས་2019ལོར་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་རྒྱལ་ཡོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ལས་པའི”མཚན་སྙན་སྤྲད་པ་དང་། 2020ལོར་ཁྲིམས་འཛིན་པུས“རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པའི”མཚན་སྙན་སྤྲད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།