ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

སྐྱིད་གྲོང་རྫོང་གི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་ཧུར་ཐག་བཞག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་ནུས་ཤུགས་ཡོད་རྒུས་བསྐྲུན་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཚུན་དུ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། ལྷག་དོན་དུ་ནད་དུག་གཞན་འགྱུར་དང་ཁྱབ་རྒྱ་ཆེ་བས་གོ་ལ་ཧྲིལ་པོའི་རིམས་ནད་ལ་ངེས་གཏན་མེད་པའི་རང་བཞིན་ཆེན་པོ་ལྡན་ཡོད། རང་སྐྱོང་ལྗོངས་ཀྱི“རིམས་ནད་ཕྱི་ནས་མ་འགོ་བ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི”སྤྱི་ཡོངས་ཀྱི་སྔོན་འགོག་དང་ཚོད་འཛིན་ཐབས་ཇུས་གཞིར་བཟུང་། གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ནུབ་རྒྱུད་དང་ནེ་པ་ལ་དང་ས་འབྲེལ་ཡིན་པའི་སྐྱིད་གྲོང་རྫོང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

“རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་གནས་གང་དུ་བཙུགས་ཀྱང་གནས་སྐབས་ཀྱི་ཏང་ཀྲི་པུའུ་དེ་གར་བཙུགས་ནས་ཏང་དར་དམར་པོ་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད” སྐྱིད་གྲོང་རྫོང་ཨུད་རྩ་འཛུགས་པུས་ཆེད་མི་བཀོད་སྒྲིག་བྱས་ཏེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་གནས་བཙུགས་ནས་གནས་སྐབས་ཀྱི་ཏང་ཀྲི་པུའུ་འཛུགས་རྒྱུར་མཛུབ་ཁྲིད་བྱས་པ་དང་ཆབས་ཅིག ཏང་ཡོན་གྱི་གདོང་ལེན་དཔེ་བཟང་ལས་གནས་བཙུགས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་གནས་སུ་ཡོད་པའི་ཏང་ཡོན་ལས་བྱེད་པས་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་རིམས་འགོག་ལས་དོན་སྤེལ་བ་དང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི“གསར་བརྗེའི་མཁར་རྫོང”བརྟན་པོ་ཞིག་བསྐྲུན་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་པའི་ཁྲིད་སྟོན་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྐྱིད་གྲོང་རྫོང་གི་རིམས་ནད་སྔོན་འགོག་དང་ཚོད་འཛིན་འགག་གནས་རེར་ལས་དོན་མི་སྣ་19བཀོད་སྒྲིག་བྱས་ཡོད་པ་དེ་དག་གིས་གཙོ་བོ་སྔོན་འགོག་དང་ཚོད་འཛིན་གྱི་སྐོར་གཡེང་དང་། འགྲོ་ལམ་དོ་དམ་ཚོད་འཛིན། མི་སྣ་ལྟ་འདོམས། གཟུགས་པོར་ཚ་བ་ལྟ་བ་སོགས་ཀྱི་ལས་ཀའི་འགན་འཁུར་གྱི་ཡོད་པ་རེད། གནས་སྐབས་ཀྱི་ཏང་ཀྲི་པུའུ་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་མདུན་མར་བཙུགས་ཚུན། ལས་རེས་མི་སྣས་ཉིན་མཚན་དབྱེར་མེད་ངང་འགག་གནས་བརྟན་སྲུང་བྱས་ནས། ཉིན་ལྟར་ལས་རེས་ཐེངས་གསུམ་བྱས་ཏེ་སྐོར་གཡེང་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རིམས་ནད་མཆེད་རྒྱུ་ནན་འགོག་བྱས་ཡོད་པ་རེད།

གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་ཁོངས་མིར་འགག་གནས་ཀྱི་མི་དམངས་ཉེན་རྟོག་པ་དང་། ཡུལ་དམག ལས་རེས་སྐོར་གཡེང་གི་མཐའ་མཚམས་སྲུང་སྐྱོང་བ། སྨན་དོན་མི་སྣ་བཅས་ཡོད་པ་མ་ཟད། ད་དུང་གྲོང་ཁྱེར་ཐད་གཏོགས་ཀྱི་སྡེ་ཚན་ཁག་དང་སྤུན་ཟླའི་རྫོང་གི་རོགས་སྐྱོར་ལས་དོན་མི་སྣ་ཡང་ཡོད་པ་རེད། མ་གཞི་ཚང་མའི་ལས་གནས་མི་འདྲ་ནའང་གནས་སྐབས་ཀྱི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་གཅིག་སྡུད་དམག་འཐབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་དང་། ནུས་ཤུགས་ཡོད་རྒུས་གཞོགས་འདེགས། ལས་ཕྱོད་ཆེན་པོས་ལས་ཀ་བཅས་བྱས་ནས་ནད་དུག་མི་ཐོན་པ་བྱས་ཡོད།

“ཁྱེད་ཀྱིས་འདི་གར་རང་མིང་དང་། འབྲེལ་གཏུག་བྱ་ཐབས། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་བཅས་ཐོ་འགོད་གནང་རོགས”

“ཁྱེད་ཀྱིས་ཁ་རས་ཡག་པོ་བརྒྱབ་ནས་འདིར་གཟུགས་པོའི་ཚ་བ་ལྟ་བར་ཕེབས་རོགས”

“ཁྱེད་རང་གི་ཐོབ་ཐང་ལག་ཁྱེར་དང་བདེ་ཐང་ཨང་རྟགས་སྟོན་རོགས” སོགས་འགྲོ་འོང་བྱེད་མི་དང་རླངས་འཁོར་ལ་ཉིན་ལྟར་བསྐྱར་ཟློས་ངང་རྗོད་དགོས་ཀྱི་ཡོད། མོ་ལ་ཞིབ་བཤེར་ས་ཚིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་གནས་སུ་གསར་འགོད་པར་རྣམ་གླིང་རྫོང་ནུ་མ་ཤང་འཕྲོད་བསྟེན་ཁང་གི་སྒྲོལ་མ་ཕྲད་བྱུང་། ཁོ་མོ་དེ་གར་ལས་ཀ་བྱས་ནས་ཉིན་10འགྲོ་ཡི་ཡོད་པ་རེད།

ན་ནིང་སྒྲོལ་མས་ཕྲུ་གུ་གཉིས་པ་སྐྱེས། ཕྲུ་གུར་ལྟ་རྟོག་བྱེད་པ་ཕུད་ཁོང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཀྱི་གནས་ཚུལ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཕྲུ་གུ་སྐྱེས་པའི་བང་གསེང་རིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་གནས་སུ་ལས་ཀ་བྱེད་མཁན་མཁོ་ཆེ་བའི་གནས་ཚུལ་ཤེས་རྗེས། སྒྲོལ་མས་དེ་གར་ལས་ཀ་བྱེད་པར་བསྐྱོད། “ཏང་ཡོན་ཞིག་གི་ངོས་ནས། ངས་ཏང་དང་མི་དམངས་ལ་དགོས་མཁོ་ཡོད་སྐབས་ཕྱིར་བཤོལ་བྱ་མི་སྲིད”ཅེས་བཤད། ཕྱོགས་གཅིག་ནི་ཟླ་11ལས་སླེབས་མེད་པའི་ཕྲུ་གུ་ཡིན་ཞིང་། ཕྱོགས་གཞན་ཞིག་ནི་ལས་གནས་སུ་མི་དཀོན་པའི་གནས་ཚུལ་འཕྲད་སྐབས། སྒྲོལ་མས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ལས་གནས་སུ་བསྐྱོད་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འཐབ་ས་དང་པོར་ལས་ཀར་ཞུགས།

འགག་གནས་སུ་སླེབས་མ་ཐག་རྙོག་འཛིང་ཆེ་བའི་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་སྟེ། འགྲོ་འོང་ཐོ་འགོད་དང་། ཚ་བ་ལྟ་བ། ལས་གནས་སྲུང་བ། རིམས་འགོག་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་དགོས་ཀྱི་ཡོད། སྒྲོལ་མས་འཕྲལ་མར་བྲེལ་འཚུབ་ཆེ་བའི་ལས་ཀར་ཞུགས། ཉིན་ལྟར་བརྙན་ལམ་ནས་བུ་མོ་དང་སྤེལ་རེས་བྱེད་སྐབས། ཁོང་གིས་བུ་མོ་ཧ་ཅང་དྲན་གྱི་ཡོད།

རང་ཁྱིམ་གྱི་མཉམ་འཛོམས་བློས་བཏང་ནས་དུད་ཚང་ཁྲི་སྟོང་གི་བདེ་འཇགས་སྲུང་ཞིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་ཆེད། གནས་སྐབས་ཏང་ཀྲི་པུས་གུར་གཅིག་དང་། སྒྲོག་ཙེ་གཅིག རྐུབ་བཀྱག་གཅིག་བཅས་ལ་བརྟེན་ནས་རིམས་འགོག་གི་འཐབ་ས་དང་པོ་གྲུབ་ཡོད། “མེས་རྒྱལ་ཁྱིམ་ཚང་ཆེན་པོ་མེད་ཚེ་ང་ཚོའི་ཁྱིམ་ཚང་ཆུང་ངུ་ག་ལ་ཡོད་སྲིད། ང་ཚོ་ཚང་མས་སེམས་ནུས་གཅིག་བསྒྲིལ་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཧུར་ཐག་བྱེད་དགོས”ཞེས་སྒྲོལ་མས་བཤད།

“གྲོང་མི་ཚང་མས་ཕྱི་ལ་སྐྱོད་སྐབས་ཁ་རས་ཡག་པོ་བརྒྱབ་ནས་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་དང་བསྡུ་འཛོམས་བྱ་མི་རུང”ཞེས་འགྱེས་ཕུག་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་རུ་ཁག་གི་རུ་དཔོན་ཁང་པོས་ཁྱིམ་དུད་རེ་རེ་བཞིན་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས།

རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་ཆེ་བའི་མདུན་དུ་སྐྱིད་གྲོང་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་སྔོན་འགོག་དང་ཚོད་འཛིན་གྱི་གཡུལ་ས་བརྟན་པོར་བསྲུངས་ཏེ་ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་མཐའ་འཁྱོངས་བྱས་པས། “ཕྱོགས་གཉིས་ཀར་དམ་འཛིན་དང་གཉིས་ཀ་འཕྱུགས་པ་མེད་པའི”ལས་ཀའི་རྣམ་པ་ཞིག་ཆགས་ཡོད།

“ང་ཚོས་སྐད་འཕྲིན་ལས་དོན་ཚོགས་པ་ནས་བརྡ་ཐོ་གཏོང་བ་དང་། རིམས་འགོག་ཤེས་བྱའི་ཤོག་བྱང་སྤྲོད་པ།(བོད་རྒྱ་སྐད་གཉིས་པར་གཞི) བོད་རྒྱ་སྐད་གཉིས་ཀྱི་སྦྱར་ཡིག་འགེལ་བ། རིམས་འགོག་དྲིལ་བསྒྲགས་བརྙན་པར་སྦྱར་བ་སོགས་ཀྱི་བྱ་ཐབས་བརྒྱུད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དྲིལ་བསྒྲགས་ལས་དོན་ཡག་པོ་ནན་ཏན་སྒྲུབ་ཀྱི་ཡོད”ཅེས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་ཧོའུ་ལིས་གསར་འགོད་པར་བཤད། ཁོང་གིས་ལས་དོན་རུ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་གསལ་འགྲེལ་དང་རིམས་འགོག་ཤེས་བྱ་ཁྱབ་གདལ་གཏོང་བ་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཧུར་ཐག་སྤེལ་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་ཀུན་གྱིས་ཤེས་པ་དང་རིམས་ནད་སྔོན་འགོག་བྱེད་ཐབས་ལས་ཚང་མར་ཕན་ཐོགས་པར་བྱས་ཡོད་ཅེས་བཤད། བསྡོམས་རྩིས་བྱས་པར་གཞིགས་ན། སྐྱིད་གྲོང་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་དྲིལ་བསྒྲགས་ལག་དེབ་5200ལྷག་ཙམ་སྤྲད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཤེས་བྱ་རྒྱ་ཁྱབ་བརྡ་སྦྱོར(བོད་རྒྱ་སྐད་གཉིས་པར་གཞི)1600ལྷག་ཙམ་སྦྱར་བ། འཕྲེད་འགེལ་སྦྱར་ཡིག་300ལྷག་ཙམ་སྦྱར་ཡོད་པ་རེད།

རིམས་འགོག་ལས་དོན་སྤེལ་བར་ཚང་མར་འགན་འཁྲི་ཡོད་ཅིང་། སྐྱིད་གྲོང་རྫོང་གི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་དཔེ་སྟོན་སྣེ་ཁྲིད་དང་འཐབ་ས་དང་པོར་གདོང་མཆོང་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱར་བ་གྲུ་འདེགས་ཀྱིས་ཀུན་སེམས་གཅིག་མཐུན་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་ནུས་ཤུགས་ཡོད་རྒུས་བསྐྲུན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།