ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

4e06d728-9d75-466e-aa7e-73a54709e2d2.jpg

ཟླ་1ཚེས་4ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ།

8b02d9a0-1ed9-4820-a492-61d9a34bfc8c.jpg

རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་ཟླ1ཚེས4ཉིན་གྱི་སྔ་དྲོ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། ས་གནས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཝང་ཅུན་ཀྲེང་ཚོགས་ཆེན་ལ་ཞུགས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ། ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་། ལེགས་མཆོག པ་སངས། ཏིང་ཡེ་ཤན། ནོར་བུ་དོན་གྲུབ། རྡོ་ཐོགས། འོད་ཟེར། ཞུས་ཞུའེ་ཀོང་། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ཐང་མིང་དབྱིང་། ལིའུ་ཀོང་ཤུས། དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི། རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་407ཡོད་པ་དང་དངོས་སུ་ཞུགས་མཁན་356ཡོད་པས་ཚོགས་ཞུགས་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

སྔ་དྲོའི་ཆུ་ཚོད་9དང་སྐར་མ་40ཡི་ཐོག བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་བ་རེད། སྐབས་དེར་ཚོགས་རའི་ནང་གི་མི་ཚང་མ་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་ཁྱོན་ཆ་ཤས་གསུམ་ལ་ཕྱེ་བ་སྟེ། 2021ལོའི་ལས་དོན་ལ་ཕྱིར་ལྟ་བྱེད་པ་དང་། 2022ལོའི་སྤྱིའི་བླང་བྱ། 2022ལོའི་གཙོ་གནད་ལས་འགན་བཅས་ཡིན་པ་རེད།

ཡན་ཅིན་ཧའེ་ཡིས་སྙན་སྒྲོན་ནང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་བཟང་བ། རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ལེགས་སུ་སོང་བ། གྲོང་གསེབ་དར་རྒྱས་ལག་བསྟར་གཏིང་ཟབ་བྱུང་བ། ཁྱད་ལྡན་ཐོན་ལས་སྐྱོན་བྲལ་འཕེལ་རྒྱས་བྱུང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏིང་ཟབ་ཐུབ་པ། དམངས་འཚོའི་བདེ་རྩ་ཆེ་རུ་སོང་བ། སྐྱེ་ཁམས་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་བྱུང་བ། མཐའ་བརྟན་མཐའ་སྟོབས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ། ཁ་གཏད་བོད་སྐྱོར་རྒྱུན་མི་ཆད་པར་གཏིང་ཟབ་ཏུ་སོང་བ་སོགས་ནས་2021ལོའི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་ཡོད། ཁོང་གིས་འོད་སྟོང་འཕྲོ་ལ་གཟི་བརྗིད་ལྡན་པའི་2021ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གིས་དྲོ་སྐྱིད་ཉི་འོད་འོག་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད།

ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཔའ་ངར་ཆེན་པོས་འགག་སྒྲོལ་བྱས་པས། དམིགས་ཚད་ལས་འགན་ཁག་ལེགས་སྒྲུབ་ཅུང་ཡག་པོ་བྱུང་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་ཞིག་བཙུགས་ཡོད། འདས་ཟིན་པའི་ལོ་གཅིག་རིང་གི་གྲུབ་འབྲས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅིའི་གཙོ་འཛིན་གྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འདུས་པ། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་ལེགས་སྐྱེས་འདུས་ཡོད། དེ་ནི་སྐབས་རིམ་བྱུང་གི་ཚན་ཁག་གིས་མུ་མཐུད་འབད་བརྩོན་བྱས་པའི་འབྲས་བུ་ཞིག་རེད་ལ། ལྗོངས་ཏང་ཨུད་ཀྱིས་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་། ལྗོངས་མི་དམངས་འཐུས་ཚོགས་དང་ལྗོངས་སྲིད་གྲོས་ཀྱིས་ལྟ་སྐུལ་དང་རྒྱབ་སྐྱོར་གནང་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བཅས་ཀྱི་འབྲས་བུ་ཞིག་ཀྱང་རེད་ཅེས་གསུངས་པ་རེད།

ཡན་ཅིན་ཧའེ་ཡིས་སྙན་སྒྲོན་གནང་སྐབས་ནན་བཤད་གནང་དོན། 2022ལོ་ནི་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགོ་ཚུགས་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པ་སྐོང་ཚོགས་བྱ་རྒྱུའི་ལོ་ཞིག་ཀྱང་རེད། 2022ལོའི་སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ལྟར་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་བྱེད་པ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་བྱེད་པ། སྒྱུར་བཅོས་སྒོ་དབྱེ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་ལེགས་སུ་གཏོང་རྒྱུ་འགོ་འཛུགས་སར་བྱེད་པ་དང་། རྒྱུ་རྐྱེན་གཙོ་བོ་དང་སྒྲིག་བཀོད་འཛུགས་སྐྲུན་འདེགས་སྐྱོར་དུ་བྱེད་པ། ལམ་ལུགས་དང་ལམ་སྲོལ་འགན་ལེན་དུ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། “དོན་ཆེན་བཞི”དང“འགན་ལེན་བཞི”ལ་དམ་པོར་དམིགས་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། “འཛུགས་གཏོད་བཞི”ལ་སྐུལ་འདེད་གཏོང་བར་ཤུགས་རྒྱག་པ། “མདུན་གྲལ་དུ་སླེབས་པ་བཞི”ཧུར་ཐག་བྱེད་ཐུབ་པ་བཅས་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་ཁོངས་སུ་རྒྱུན་འཁྱོངས་བྱེད་པ་དང་བརྟན་ཞིང་སྐྱོན་བྲལ་གྱི་དཔལ་འབྱོར་གྱི་ཁོར་ཡུག་དང་། རྒྱལ་ཁམས་བདེ་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཅས་རྒྱུན་འཁྱོངས་བྱེད་དགོས།

ཡན་ཅིན་ཧའེ་ཡིས་སྙན་སྒྲོན་གནང་སྐབས་བཏོན་གནང་བའི་འདི་ལོའི་ལས་དོན་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་8%ཡས་མས་འཕར་བ་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%དང་10%ཡན་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཤོར་ཐོ་འགོད་བྱེད་ཚད་5%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་3%ནང་ཚུན་དུ་ཚོད་འཛིན་བྱ་རྒྱུ། ནུས་རྒྱུ་ཟད་གྲོན་དང་ཐཱན་ཕྱིར་འབུད་བྱེད་ཚད་དང་སྦགས་བཙོག་ཉུང་གཏོང་གི་དམིགས་ཚད་རྒྱལ་ཁབ་ཀྱི་ཞིབ་བཤེར་གཏན་འབེབས་ཁྱབ་ཁོངས་ནང་ཚོད་འཛིན་བྱ་རྒྱུ་བཅས་རེད།

ཡན་ཅིན་ཧའེ་ཡིས་སྙན་སྒྲོན་གནང་སྐབས་བཏོན་དོན། 2022ལོར་གཙོ་གནད་ཐོག་ཕྱོགས་དགུའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་སྟེ། གཙོ་གནད་འདེགས་སྐྱོར་ལ་དམ་འཛིན་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་མགྱོགས་མྱུར་མཉམ་འདྲེས་ཐུབ་པ་དང་། ས་ཁོངས་འཕེལ་རྒྱས་ཀྱི་བཀོད་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ལྕགས་ལམ་གྱི་དཔལ་འབྱོར་ཁུལ་དར་རྒྱས་གོང་འཕེལ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ལམ་རྒྱུད་ཀྱི་འཕེལ་རྒྱས་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པ་དང་། གཞི་རྩ་དང་ཀ་རྟེན་ལ་དམ་འཛིན་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། ལྗང་མདོག་བཟོ་ལས། རིག་གནས་ཡུལ་སྐོར་ཐོན་ལས་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཐོ་གསར་གྲངས་འཛིན་ཐོན་ལས་དང་། མཐའ་མཚམས་ཚོང་དོན་ཟོག་འགྲེམས་ཐོན་ལས། དེང་རབས་ཞབས་ཞུའི་ལས་རིགས་བཅས་འཕེལ་རྒྱས་མགྱོགས་པོ་གཏོང་དགོས་པ། རྩ་ཆེའི་གོ་སྐབས་དམ་འཛིན་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ལ་ཤུགས་སྣོན་རྒྱག་པ། ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བ། ཆུ་བེད་ལས་གྲྭ་དང་གྲོང་ཁྱེར་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། སྲ་བརྟན་འབྲེལ་མཐུད་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་མགྱོགས་སུ་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཞིང་འབྲོག་ལས་དེང་རབས་ཅན་གྱི་རྨང་གཞི་བརྟན་དུ་གཏོང་བ། ཞིང་འབྲོག་ཁུལ་གྱི་རྣམ་པ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱེད་དགོས་པ། ནང་སྐྱེས་སྒུལ་ཤུགས་ལ་དམ་འཛིན་བྱས་ནས་སྒྱུར་བཅོས་སྒོ་དབྱེ་དང་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱ་རྒྱུན་མཐུད་ནས་ཆེ་རུ་གཏོང་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱེད་དགོས་པ། འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་དམ་འཛིན་བྱས་ནས་དམངས་འཚོའི་འདུ་འགོད་ཆེ་གྲས་བཅུ་ལག་ལེན་གཏིང་ཟབ་བསྟར་བ་དང་། ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། འཕྲོད་བསྟེན་དང་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ། བདེ་སྡོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྒན་སྐྱོར་བྱིས་སྐྱོང་བྱེད་ཟབ་ཏུ་གཏོང་བ། རོགས་སྐྱོར་རོགས་སྐྱོབ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་སྣོན་རྒྱག་པ། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱེད་དགོས་པ། འགན་འཁྲི་གལ་ཆེན་ལ་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་མགྱོགས་སུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་ལག་བསྟར་བྱེད་པ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་རྒྱུར་དམ་འཛིན་བྱས་ནས་རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཙོ་གནད་ཐོག་གཏོད་པ་དང་། རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་བ། མཐའ་བརྟན་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། སྲིད་ཇུས་ཀྱི་བྱ་ཐབས་དོན་འཁྱོལ་བཅས་བྱེད་དགོས་པ། རྒྱབ་སྐྱོར་དང་འགན་སྲུང་ལ་དམ་འཛིན་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་གཙོ་གནད་ཐོག་འཛུགས་གཏོད་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། དུས་བདེའི་བོད་ལྗོངས་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་དགོས་པ་བཅས་རེད།

སྙན་སྒྲོན་གནང་སྐབས་ཡན་ཅིན་ཧའེ་ཡིས་ད་དུང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱ་རྒྱུའི་ལས་དོན་བཀོད་སྒྲིག་གནང་ཡོད།

ཡན་ཅིན་ཧའེ་ཡིས་སྙན་སྒྲོན་གནང་སྐབས་ནན་བཤད་གནང་དོན། བསམ་བློར་དྲག་ཆས་སྤྲས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། སྔར་བས་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཁྲིམས་སྐྱོང་གི་འདུ་ཤེས་དེ་བས་ཟབ་པ། དམངས་ཆེད་ཀྱི་བརྩེ་སེམས་དེ་བས་ཟབ་པ། འགན་འཁྲི་དེ་བས་ཏན་ཏིག་འཁུར་བ་བཅས་ཀྱི་སྒོ་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ཏང་ཐུགས་བློ་བདེ་པོ་ཡོང་བ་དང་མི་དམངས་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས།

ཡན་ཅིན་ཧའེ་ཡིས་སྙན་སྒྲོན་གནང་སྐབས་མཇུག་ཏུ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལས་འགན་གསར་པ་ལག་བསྟར་དང་བྱས་རྗེས་གསར་པ་མངོན་པར་བྱས་ཏེ། གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པ་དང་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་འབོད་སྐུལ་གནང་ཡོད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་གྱིས་བོད་རང་སྐྱོང་ལྗོངས་ཀྱི་2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2022ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་། བོད་རང་སྐྱོང་ལྗོངས་ཀྱི་2021ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2022ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་པར་འགྲེམས་བྱས་ནས་འཐུས་མིར་ཞིབ་བཤེར་གནང་རྒྱུར་ཕུལ་བ་རེད།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་མིན་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲུབ་ཆའི་མི་སྣ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)གི་མི་དམངས་འཐུས་ཚོགས་དང་སྲིད་གཞུང་སོགས་ཀྱི་འགན་འཁུར་བ་གཙོ་བོ་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་འགན་འཁུར་བས་ཚོགས་ཆེན་ཟུར་ཉན་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།