ཀྲུང་གོ་བོད་ཀྱི་དྲ་བ།
ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱེད། དམངས་ལ་ལྷག་བསམ་རྣམ་དག་ཞབས་ཞུ་སྒྲུབ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2022-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— ལྷོ་ཁ་གྲོང་ཁྱེར་གྱིས“ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་ཧུར་ཐག་སྤེལ་བ།

2021ལོའི་ཡར་ཀླུང་ཚོང་འདུས་གཉེར་ཡུལ་གྱི་ཇ་ཁང་ནང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འཐུས་མི་སྣེ་གདོང་སློབ་འབྲིང་གི་སློབ་སྤྱིས་ཉོ་ཚོང་བྱེད་པར་ཡོང་མཁན་གྱི་མང་ཚོགས་དང་མཉམ་དུ་ཇ་མངར་མོ་འཐུང་བ་དང་། འགྱུར་ལྡོག་གླེང་བ། ཏང་གི་བཀའ་དྲིན་གླེང་བ་བཅས་བྱས་ནས་ཚང་མར་མང་ཚོགས་དང་འབྲེལ་འདྲིས་ཀྱི་སྒྲོག་འགྲེལ་བྱས་པ་རེད། འདི་ནི་ལྷོ་ཁ་གྲོང་ཁྱེར་གྱིས“ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོའི་བསྡུས་རིས་ཤིག་རེད།

2021ལོ་ཚུན་དུ་ལྷོ་ཁ་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས“ཇ་ཁང་ནང་གི་སྒྲོག་འགྲེལ་པའི”བྱེད་ཐབས་གསར་གཏོད་བྱས་ཏེ“ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བའི”དང་བླངས་ཞབས་ཞུའི་སྤུས་རྟགས་ཧུར་ཐག་བཏོད་ནས། ཇ་ཁང་དེ་ཉིད་ཏང་གི་སྲིད་ཇུས་བརྒྱུད་བསྒྲགས་བྱེད་སའི་འཐབ་ས་མདུན་མར་འགྱུར་བ་བྱས་ཏེ་མང་ཚོགས་ལ་སློབ་གསོ་རྒྱག་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་ཐུབ་པ་བྱས་ཡོད།

ལས་སྟེགས་བསྐྲུན་ནས་ནུས་ཤུགས་གང་ཡོད་བཏོན།

ལྷོ་ཁ་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་ཇ་ཁང་གི་ཁོར་ཡུག་ལེགས་པ་དང་། མི་ཚོགས་མང་བ། འདུ་གནས་སྟབས་བདེ་བ། བརྒྱུད་བསྒྲགས་ཀྱི་ཕན་འབྲས་ལེགས་པ་བཅས་ཀྱི་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་ཏེ་ཇ་ཁང་དེ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་གཡུལ་ས་གསར་པ་ཞིག་ཏུ་བསྐྲུན་རྒྱུར་ཇུས་འགོད་བྱས་ནས། མང་ཚོགས་ལ་ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོར་ཤུགས་སྣོན་བརྒྱབ་པ་རེད།

དེའི་ཐད་ལྷོ་ཁ་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་སྣེ་གདོང་ཆུས་རྩེད་ཐང་ཁྲོམ་གཞུང་བྱ་ས་སྡེ་ཁུལ་གྱི་ཚོགས་ཆུང་གཉིས་པའི་ཇ་ཁང་ཚོད་ལྟ་བྱ་ཡུལ་ལ་བརྩིས་ཏེ་ཇ་ཁང་དུ་དྲིལ་བསྒྲགས་ཆེད་སྒྲོམ་བཙུགས་ནས། མང་ཚོགས་ཀྱིས་དུས་ཐོག་ཏུ་ཏང་གི་མཛད་ཕྱོགས་སྲིད་ཇུས་དང་ཚན་རིག་རིག་གནས་ཤེས་བྱ་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་སྐྱོན་བྲལ་དང་ཡ་རབས་ཀྱི་འཚོ་བའི་གོམས་གཤིས་འཇགས་པར་བྱས་ནས་བྱ་བ་ཆུང་ཙག་ཁྲོད་ཆབ་སྲིད་ཀྱི་བྱང་ཚད་མཐོ་རུ་བཏང་ཡོད།

དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་ཤེས་དཔལ་སྲོལ་གཏོད་གཞུང་དོན་ཁང་གིས་ད་དུང་དུས་ངེས་མེད་ངང་ཇ་ཁང་དུ་དྲིལ་བསྒྲགས་སྒྲོག་འགྲེལ་དང་དེ་བཞིན་དང་བླངས་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་བར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ཉི་མ་དབྱངས་ཅན་ནི་བྱ་ས་སྡེ་ཁུལ་ཚོགས་ཆུང་གཉིས་པའི་ཇ་ཁང་གི་རྒྱུན་ཕེབས་མགྲོན་པོ་ཡིན་ལ་རྟག་ཏུ་ཇ་ཁང་གི་སྒྲོག་འགྲེལ་བྱེད་སྒོར་ཞུགས་ཀྱི་ཡོད། ཁོང་གིས“ཇ་ཁང་དུ་བྱེད་སྒོ་སྤེལ་སྐབས་མང་ཚོགས་དང་འབྲེལ་འདྲིས་ཆེན་པོ་ཡོང་གི་འདུག དང་བླངས་པ་ཚོས་གོ་བདེ་ཤེས་སླའི་སྐད་ཆར་བརྟེན་ནས་ང་ཚོར་ཏང་གི་སྲིད་ཇུས་གླེང་བས་ང་ཚོས་ཅི་འཕྲོས་མོལ་འཕྲོས་ཤོད་སྐབས་སུའང་ཤེས་བྱ་མང་པོ་ཞིག་རྟོགས་ཐུབ་ཀྱི་འདུག”ཅེས་བཤད།

བྱེད་ཐབས་སྤྱོད་མཁས་བྱས་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད།

ལག་ལེན་གྱི་ལས་སྟེགས་ཡག་པོ་འདེམས་དགོས་ལ། དྲིལ་བསྒྲགས་བྱེད་སྟངས་ཀྱང་ཧ་ཅང་གལ་ཆེན་པོ་རེད། “ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བའི”བྱེད་སྒོས་དངོས་འབྲེལ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པ་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་ཆེད། ལྷོ་ཁ་གྲོང་ཁྱེར་གྱི་རིམ་ཁག་ལག་ལེན་བྱེད་པོས་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྟངས་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ་ལན་འདེབས་ནས་བྱ་དགའ་སྤྲོད་པ་དང་། “མང་ཚོགས་ཀྱིས་བརྗོད་པ་དང་མང་ཚོགས་ཀྱིས་ཉན་པ”“མང་ཚོགས་ཀྱིས་འདྲི་བ་བཏོན་པ་དང་ངས་བརྗོད་པ”“དཀའ་ངལ་ཡོད་ཚེ་ངས་རོགས་རམ་བྱེད་པ”སོགས་ཀྱི་བྱེད་ཐབས་བརྒྱུད་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སོགས་མང་ཚོགས་ལ་བརྒྱུད་སྤྲོད་བྱས་ནས། ཏང་གི་སྲིད་ཇུས་སྒྲོག་འགྲེལ་གཏིང་ཟབ་དང་། དོན་དངོས། སེམས་ལ་ཟུག་པ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

བྱེད་སྒོ་སྤེལ་རིང་ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གིས་བྱ་ཐབས་གསར་གཏོད་བྱས་ནས་རང་ཉིད་ཀྱི་ཁྱད་ཆོས་རིམ་བཞིན་ཆགས་ཡོད།

སྣ་དཀར་རྩེ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་རྒན་གསོ་ཁང་གི་རྒན་རྒོན་དང་ལོ་ན་ཅུང་ཆེ་བའི་ལས་བྱེད་པ་གདན་དྲངས་ཏེ། ཇ་ཁང་ནང་གི་མང་ཚོགས་ཚོར“སྤྱི་ཚོགས་རྙིང་པའི་དཀའ་སྡུག་དང་སྤྱི་ཚོགས་གསར་པའི་དྲོ་སྐྱིད”བརྗོད་པ་དང་། ཚང་མས་གཅིག་རྗེས་གཉིས་མཐུད་ངང་འགྱུར་ལྡོག་གླེང་བ་དང་། མྱོང་ཚོར་གླེང་བ། འཕེལ་རྒྱས་གླེང་བ་བཅས་བྱས་ཏེ་ཆུ་འཐུང་དུས་ཁྲོན་པ་འདྲུ་མཁན་མི་བརྗེད་པ་དང་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་སྐབས་གུང་ཁྲན་ཏང་བརྗེད་མི་རུང་ཞེས་བཤད།

མི་སེམས་སུ་ཟུག་པར་བྱས་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ།

“ང་ཚོས‘ཇ་ཁང་ནང་ཏང་གི་བཀའ་དྲིན་གླེང་བའི’བརྗོད་དོན་གཙོ་བོའི་རིམ་སྤེལ་བྱེད་སྒོ་སྒྲིག་འཛུགས་བྱེད་པའི་དམིགས་ཡུལ་ནི་སྦྲང་ཆར་ཟིལ་མས་ས་གཞི་བརླན་པའི་བྱེད་ཐབས་བརྒྱུད། ཤུགས་རྐྱེན་ཐེབས་ནས་རིམ་བཞིན་འགྱུར་ལྡོག་འགྲོ་བའི་ཁྲོད་ཏང་གི་བཀའ་དྲིན་ཚོར་བ་དང་། རྒྱལ་ཁབ་ལ་དགའ་ཞེན། སྲིད་ཇུས་ཤེས་པ། ཤེས་དཔལ་ལ་སྣང་ཆེན། བཅའ་ཁྲིམས་ཤེས་པ་སོགས་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ནང་ཁྱབ་པར་བྱས་ཏེ། མི་སེམས་ལ་ཟུག་པ་དང་མཉམ་ཤུགས་གཅིག་ཏུ་བསྒྲིལ་བའི་ནུས་པ་ཐོན་པ་བྱ་རྒྱུ་ཡིན”ཞེས་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་བསོད་ནམས་བདེ་སྐྱིད་ཀྱིས་བཤད།

ཟངས་རི་རྫོང་ཟངས་རི་གྲོང་རྡལ་ཁྲི་ཁང་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱིས་དུས་བཀག་ལྟར་སློབ་ཆུང་སློབ་མ་སྒྲིག་འཛུགས་བྱས་ཏེ། ཁྲི་ཁང་ཇ་ཁང་དུ་རི་མོ་འབྲི་བའི་བྱེད་སྒོ་སྤེལ་བ་དང“ལག་གདང་མཉམ་དུ་སྦྲེལ་བའི”བྱེད་ཐབས་ལ་བརྟེན་ནས་ཁྱིམ་བདག་ལ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་པ་རེད། འཕྱོངས་རྒྱས་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱིས་ཀླུ་སྒུག་ཇ་ཁང་དུ“ཏང་ལ་སྙིང་གཏམ་ཤོད་པའི”ཆེད་སྒྲིག་ལེ་ཚན་བཏོད་ནས། ཏང་ཡོན་དང་མང་ཚོགས་ཚོས་ཏང་ལ་རང་ཉིད་ཀྱི་བསམ་འདུན་ཤོད་པ་དང་འབྱུང་འགྱུར་གྱི་འཕེལ་རྒྱས་ལྷུག་པོར་གླེང་བར་ཁྲིད་སྟོན་བྱས་ཡོད། མཚོ་སྣ་རྫོང་གི་མང་ཚོགས་སྒྲོག་འགྲེལ་པས་ཇ་ཁང་ཁག་ཏུ་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ། ས་གནས་ས་ཐོག་ཏུ་དྲིས་ལན་འདེབས་པའི་བྱེད་སྟངས་ལ་བརྟེན་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཚད་ལེན་ཚོད་ལྟ་བྱས་པ་མ་ཟད། མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ་མངགས་ཐོ་རྣམ་པའི་ཞབས་ཞུར་བརྟེན་ནས“མང་ཚོགས་དང་ཉེ་བཅར”དང“བློ་སེམས་གཅིག་མཐུན”བྱུང་ཡོད།

མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་དྲིལ་བསྒྲཌ་དང་སྒྲོག་འགྲེལ་ཐེངས་1058བྱས་པར་ཞུགས་མཁན་མང་ཚོགས་མི་ཐེངས་53987ཟིན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།

གསར་འགྱུར་ཚ་ཤོས།

ནང་དོན་གསར་ཤོས།