ཀྲུང་གོ་བོད་ཀྱི་དྲ་བ།

རུ་ཐོག་རྫོང་གི་བྲག་བརྐོས་རི་མོ་རིག་གནས་རྒྱུན་འཛིན་གྱི་སྐྱོད་ལམ་གསར་བར་ཞུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2025-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 

པར་འདི་ནི་ས་གནས་མཉམ་ལས་ཁང་གིས་ཁྲལ་དོན་མི་སྣར་བྲག་བརྐོས་རི་མོའི་རིག་གནས་གསར་གཏོད་ཐོན་རྫས་འགྲེམ་སྟོན་བྱེད་པའི་རྣམ་པ་རེད།

དུས་ཀྱི་ལམ་པའི་འཕྲིན། “མཐོ་སྒང་གི་ལོ་རྒྱུས་མཚོན་པའི་སྙན་ངག”ཅེས་པའི་མཚན་སྙན་ལྡན་པའི་རུ་ཐོག་བྲག་བརྐོས་རི་མོའི་རྗེས་ཤུལ་ནི་བོད་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་གནས་ཤིང་། དེ་ནི་གནའ་རབས་མེས་པོས་རི་བོ་དང་བྲག་རྡོའི་ངོས་སུ་བརྐོས་པའི་སྒྱུ་རྩལ་གྱི་མཆོག་ནོར་ཡིན། རྒྱུས་ལོན་བྱུང་བ་ལྟར་ན། བྲག་བརྐོས་རི་མོ་དེ་དག་ནང་རི་དྭགས་རྔོན་པ་དང་ཕྱུགས་འཚོ་བ། ཞིང་ལས་རྨོ་འདེབས་སོགས་ཀྱི་ནང་དོན་འདུས་ཤིང་། དེས་གནའ་རབས་མཐོ་སྒང་སྡོད་དམངས་ཀྱི་ཐོན་སྐྱེད་འཚོ་བ་རོལ་སྟངས་དང་སྒྱུ་རྩལ་གྱི་གསར་གཏོད་ནུས་པ་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད། 2013ལོར་རུ་ཐོག་བྲག་བརྐོས་རི་མོ་དངོས་སུ་བོད་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མིང་གཞུང་ནང་བཅུག་སྟེ། གནའ་རབས་བོད་ལྗོངས་ཀྱི་སྤྱི་ཚོགས་རིག་གནས་ཞིབ་འཇུག་གི་དོན་དངོས་ཁུངས་སྐྱེལ་གལ་ཆེན་ཞིག་ཏུ་གྱུར་ཡོད།

“བྲག་བརྐོས་རི་མོ་འདི་དག་ལོ་རྒྱུས་ཀྱི་བདེན་དཔང་ཡིན་ལ། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི‘གསེར་གྱི་ལྡེ་མིགཀྱང་ཡིན”ཞེས་བྲག་བརྐོས་རི་མོ་སྲུང་མཁན་ཚེ་རིང་རྡོ་རྗེས་ངོ་སྤྲོད་བྱས། ཉེ་བའི་ལོ་འགའི་རིང་། བྲག་བརྐོས་རི་མོའི་རིག་གནས་ལ་བརྟེན་ནས་ས་གནས་མཉམ་ལས་ཁང་གིས་བྲག་བརྐོས་རི་མོའི་རྡོ་པར་རྒྱག་པ་དང་བརྗོད་དོན་རིག་གནས་གསར་གཏོད་ཐོན་རྫས། ཞིབ་འཇུག་རང་བཞིན་གྱི་སློབ་སྦྱོང་ཡུལ་སྐོར་སོགས་ཐོན་རྫས10ལྷག་གསར་སྤེལ་བྱས་ཤིང་། ལོ་རེར་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས་ཁྲི5ལས་བརྒལ་བ་སྣེ་ལེན་བྱས་ནས་ཉེ་འཁོར་རོང་འབྲོག་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་བྱས་ཡོད་པ་དང་། ལོ་འཁོར་གྱི་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི100ལས་བརྒལ་ཡོད། བྲག་བརྐོས་རི་མོའི་རིག་གནས་འདི་ཉིད་རུ་ཐོག་རྫོང་གི་གྲོང་གསེབ་དར་སྤེལ་གྱི“རིག་གནས་སྒུལ་བྱེད་འཕྲུལ་འཁོར”དུ་གྱུར་དང་འགྱུར་བཞིན་ཡོད། 

“གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ལམ་ལུགས་འགན་སྲུང་དང་ཁ་བྲལ་ཐབས་མེད། ཆེད་བཀོལ་འགོག་སྲུང་རྫས་ཀྱིས་བྲག་ངོས་རླུང་ཟད་བྱུང་བ་འགོག་པ་དང་འདྲ། འོན་ཀྱང་གནད་འཁེལ་གྱི་ཁྲལ་བསྡུ་སྲིད་ཇུས་ཀྱིས་རིག་གནས་རྒྱུན་འཛིན་བྱ་བར‘སྲུང་གདུགས’འདེགས་ཡོད”ཅེས་བྲག་བརྐོས་རི་མོ་སྲུང་མཁན་ཚེ་རིང་རྡོ་རྗེ་ཚོར་སྣང་ཟབ་མོ་སྐྱེས་ནས་བཤད། ཉེ་བའི་ལོ་འགའི་རིང་། རུ་ཐོག་བྲག་བརྐོས་རི་མོ་སྲུང་སྐྱོབ་དང་གསར་གཏོད་འཕེལ་རྒྱས་རོགས་རམ་བྱ་ཆེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་རུ་ཐོག་རྫོང་ཁྲལ་དོན་ཅུས་ཀྱིས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཐོན་ལས་ཕྲེང་འབྲེལ་གྱི་ཁྱད་ཆོས་ལ་དམིགས་ཏེ། “སྲིད་ཇུས་ཁུག་མ+ཞབས་ཞུའི་ཕྲེང་འབྲེལ”གྱི་ཁྲལ་གྲོན་རྒྱབ་སྐྱོར་བྱེད་ཐབས་བཏོན་ཡོད། རུ་ཐོག་རྫོང་གི་བྲག་བརྐོས་རི་མོ་རྒྱུན་འཛིན་རྟེན་གཞི་དང་འབྲེལ་ཡོད་རིག་གནས་ཁེ་ལས་ལ་དམིགས་ནས་ཆེད་དོན་ཞབས་ཞུའི་དཔུང་སྡེ་སྒྲིག་འཛུགས་བྱས་ཏེ། “ཁེ་ལས་གཅིག་ལ་ཐབས་ཤེས་གཅིག”གི་གནད་འཁེལ་ཟབ་ཁྲིད་སྤེལ་ནས། བྲག་བརྐོས་རི་མོ་སྲུང་སྐྱོབ་ཉམས་གསོ་དང་གྲངས་འཛིན་ཅན་འཚོལ་སྡུད། རིག་གནས་ཡུལ་སྐོར་མཉམ་འདྲེས་སོགས་རྣམ་གྲངས་ཀྱི་མ་དངུལ་གནོན་ཤུགས་ལྷོད་གཡེང་དུ་བཏང་བ། དེ་དང་ཆབས་ཅིག རུ་ཐོག་རྫོང་ཁྲལ་དོན་ཅུས་ཀྱིས་ད་དུང་རིག་གནས་ཡུལ་སྐོར་སྡེ་ཁག་དང་མཉམ་འབྲེལ་བྱས་ནས“གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྲལ་བསྡུའི་སྲུང་སྐྱེལ་ས་ཚིགས”ཀྱི་འཛུགས་སྐྲུན་འཆར་གཞི་སྤེལ་མགོ་ཚུགས་ཤིང་། མ་འོངས་པར་གཟུགས་འདས་ཤུལ་བཞག་རྒྱུན་འཛིན་པའི་གསོ་སྦྱོང་དང་ཟོང་རྟགས་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོབ། ཁྲོམ་ར་རྒྱ་སྐྱེད་དངུལ་བསྲེས་སོགས་ཀྱི་ཐད་མཉམ་ལས་ཁང་གིས་དཔྱ་ཁྲལ་དང་འབྲེལ་ཡོད་ཀྱི་རིན་སྤྲོད་ཞབས་ཞུ་མཁོ་འདོན་བྱ་དགོས།

དཔྱ་ཁྲལ་གྱི་གཟུགས་སྐྱོང་ཁེ་སྤོགས་མུ་མཐུད་ཕྱིར་བཏོན་པ་ཡིས་ལོ་ངོ་སྟོང་གི་བྲག་བརྐོས་རི་མོར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་སུ་བཅུག་པ་མ་ཟད། གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་པས་དེང་རབས་ཅན་གྱི་ཚན་རྩལ་ཐབས་ཤེས་སྤྱད་དེ་བྲག་བརྐོས་རི་མོའི་ལག་རྩལ་གསར་གཏོད་ཀྱི་ཡིད་ཆེས་སྔར་བས་བརྟན་དུ་བཏང་ཡོད། “ང་ཚོས་བྲག་བརྐོས་རི་མོའི‘གཟུགས་དབྱིབས’སྲུང་དགོས་པ་མ་ཟད། རིག་གནས་ཀྱི‘རྣམ་ཤེས’གསོན་དུ་འཇུག་དགོས” ཞེས་རུ་ཐོག་རྫོང་ཁྲལ་དོན་ཅུས་ཀྱི་འགན་འཁུར་བས་རིག་གནས་རྒྱུན་འཛིན་གྱི་སྲུང་སྐྱོང་མཁན་དང་སྲིད་ཇུས་ཁེ་སྤོགས་ཀྱི་སྒྲོག་འགྲེལ་མཁན་བྱས་ཏེ། ཁྲལ་གྲོན་གྱི་གཟུགས་སྐྱོང་སྲིད་ཇུས་དང་ཆེད་དམིགས་ཅན་གྱི་ཞབས་ཞུའི་བྱེད་ཐབས་གནད་འཁེལ་དོན་འཁྱོལ་བྱས་པ་བརྒྱུད། གཟུགས་འདས་རིག་གནས་ཤུལ་བཞག་ཁེ་ལས་ལ་གསོན་ཤུགས་མངོན་པར་རོགས་རམ་དང་སྲོལ་རྒྱུན་རིག་གནས་དར་སྤེལ་ལ་འགུལ་ནུས་གསར་བ་སྣོན་དགོས་ཞེས་བསྟན། །

 
རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།