དུས་ཀྱི་ལམ་པའི་འཕྲིན། ཉེ་སྔོན། གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་བ་ལྟར་ན། ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ལམ་ནུབ་སྲིང་རྣམ་གྲངས་ལ་འཕེལ་རྒྱས་གསར་པ་བྱུང་ཡོད། 2024ལོའི་ཟླ11པའི་ཚེས23ཉིན་སྟོད་ལུང་གི་ལམ་ཐིག་དང་པོའི་ཕུག་ལམ་ཀྱི་གཡོན་ཕྱོགས་སྦྲེལ་མཐུད་བྱུང་བ་དང་། 2025ལོའི་ཟླ2པའི་ཚེས26ཉིན་སྟོད་ལུང་གི་ལམ་ཐིག་དང་པོའི་ཕུག་ལམ་གྱི་གཡས་ཕྱོགས་སྦྲེལ་མཐུད་བྱུང་ཡོད་ལ། འདི་ནི་ལྷ་སའི་བྱང་སྐོར་ལམ་ནུབ་སྲིང་རྣམ་གྲངས་ཀྱི་སྦྲེལ་མཐུད་བྱས་པའི་ཕུག་ལམ་ཐོག་མ་ཡིན་པ་དང་། སྟོད་ལུང་གི་ལམ་ཐིག་དང་པོའི་ཕུག་ལམ་གྱི་ཕྱོགས་གཉིས་སྦྲེལ་མཐུད་བྱུང་བ་མཚོན་ཡོད།
ལྷ་ས་གྲོང་ཁྱེར་གྱི་བྱང་སྐོར་ལམ་ནུབ་སྲིང་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི2024ལོའི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཡིན་པ་དང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར33.16བཏང་ཡོད། རྣམ་གྲངས་ཀྱི་མགོ་ཚུགས་ས་ནི་སྟོད་ལུང་བདེ་ཆེན་ཆུས་དང་ཁྲེང་ཀོན་ཆུས་ཀྱི་འབྲེལ་མཚམས་སུ་གནས་པ་དང་པེ་ཅིང་ནུབ་ལམ་དང་མཐུད་ཡོད་ལ། མཇུག་གནས་ནིG109དང་སྟོད་ལུང་ལམ་ཆེན་དང་ཞང་ཞུང་ལམ་ཆེན་གྱི་སྣོལ་མཚམས་ཁུལ་ཡིན། བགྲོད་ལམ་གྱི་རིང་ཚད་ལ་སྤྱི་ལེ17ཡོད་པ་དང་། ཕྱོགས་གཉིས་སུ་འཁོར་ལམ་བཞིའི་གྲོང་ཁྱེར་མྱུར་བགྲོད་ལམ་གྱི་ཇུས་འགོད་ཚད་གཞི་སྤྱད་ཡོད་པ་དང་། ཇུས་འགོད་ལྟར་ན་མྱུར་ཚད་ནི60km/hཡིན། ལམ་ཐིག་ཧྲིལ་པོར་ཟམ་པ12དང་། ཕུག་ལམ3དང་། ས་འོག་ཕུག་ལམ1དང་འབྲེལ་མཐུད་ས་ཚིགས1བཅས་ཇུས་འགོད་བྱས་ཡོད།
གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། རྣམ་གྲངས་བསྐྲུན་རྗེས་ལྷ་སའི་གྲོང་ཁུལ་གཙོ་བོའི་ལམ་དྲའི་གྲུབ་ཆ་སྔར་བས་འཐུས་ཚང་དུ་ཕྱིན་ནས། ད་ཡོད་ཀྱི་བྱང་སྐོར་ལམ་སྣུར་སྲིང་བྱས་ཏེ་ལྟེ་བའི་གྲོང་ཁུལ་གྱི་འགྲིམ་འགྲུལ་ལ་ཐུན་མོང་ཐོག་ཞབས་འདེགས་ཞུ་བ་དང་། ལྟེ་བའི་ས་ཁོངས་ཀྱི་འགྲིམ་འགྲུལ་འཚང་འགག་གི་གནད་དོན་ཇེ་ཉུང་དུ་གཏོང་ཐུབ། སྐབས་དེར་ལྷ་ས་གྲོང་ཁྱེར་གྱི་ལྷོ་བྱང་སྐོར་ལམ་དུ་གདུམ་ཟུམ་ཆགས་པ་དང་། རྒྱལ་ལམ109ཡི་གྲོང་ཁྱེར་བརྒྱུད་མཚམས་ཀྱི་འགྲིམ་འགྲུལ་གནོན་ཤུགས་ཇེ་ཆུང་དུ་ཕྱིན་ནས་བདེ་འཇགས་དང་། ནུས་ཆེ། གྲོན་ཆུང་བཅས་ཀྱི་གྲོང་ཁྱེར་གྱི་ལམ་དྲའི་མ་ལག་མངོན་འགྱུར་བྱུང་ནས། ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། །