དུས་ཀྱི་ལམ་པའི་འཕྲིན། གསར་འགོད་པས་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ནས་ཤེས་གསལ་ལྟར་ན། ས་གནས་དེ་གའི་དུས་ཚོད་ཟླ4པའི་ཚེས10ཉིན་གྱི་དགོང་མོའི་ཆུ་ཚོད23(པེ་ཅིན་གྱི་དུས་ཚོད་ཟླ4པའི་ཚེས11ཉིན་གྱི་ཞོགས་པའི་ཆུ་ཚོད5པ)པར་ཧྥ་རན་སེའི་ཕ་རིར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ལག་བསྟར་ཅུས་ཀྱི་སྐབས221པའི་ཚོགས་འདུའི་སྟེང་། རང་རྒྱལ་གྱིས་འོས་སྦྱོར་བྱས་པའི་མཚོ་སྔོན་ཁམས་ར་དང་ཁྲུང་ཆིང་ཡུན་དབྱང་གཉིས་ལ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དངོས་སུ་འཛམ་གླིང་ས་གཤིས་སྤྱི་གླིང་གི་མཚན་སྙན་ཆོག་མཆན་སྤྲད་པ་རེད། དེར་བརྟེན་རང་རྒྱལ་ལ་འཛམ་གླིང་ས་གཤིས་སྤྱི་གླིང49ཡོད་པ་དང་གྲངས་འབོར་གྱིས་མུ་མཐུད་དུ་འཛམ་གླིང་གི་ཨང་དང་པོ་ཟིན་ཡོད།
ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་།
ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་གྲུ་བཞི་མ3149.34ཡོད་པ་དང་། མཚོ་བོད་མཐོ་སྒང་གི་བྱང་ཤར་མཐའ་དང་ཀྲུང་གོའི་རིམ་པ་དང་པོ་དང་གཉིས་པའི་སྐས་རིམ་ས་གཤིས་ཀྱི་བར་བརྒལ་ཁུལ་དུ་ཆགས་ཡོད། སྤྱི་གླིང་གིས་ས་གཤིས་དུས་སྐབས་གལ་ཆེན་གསུམ་གྱི་ས་རིམ་གྲུབ་ཚུལ་དང་། ཡན་ལག་དུས་སྐབས་དང་ཡན་ཧྲན་དུས་སྐབས་ཀྱི་བྲག་ཞུན་འགུལ་སྐྱོད་ཟིན་ཐོ་ཆ་ཚང་ངང་ཉར་ཚགས་བྱས་ཡོད། དེའི་ནང་དགུ་ཆུའི་སུམ་བརྩེགས་དུས་སྐབས་ཀྱི་གཏིང་ཟབ་པའི་རྒྱ་མཚོའི་སྙིགས་བསགས་ས་རིམ་གྱི་བཤགས་ངོས་རིམ་འགྱུར་གསལ་པོ་དེ་ནི་རྒྱལ་སྤྱིའི་རིག་གཞུང་ལས་རིགས་ཀྱིས་ཀུའུ་ཐི་ཐའེ་སི་རྒྱ་མཚོའི་རྒྱ་མཚོ་དང་སྐམ་ས་བརྗེ་སྤོར་ལ་ཞིབ་འཇུག་བྱེད་པའི“ས་གཤིས་སློབ་དེབ”ཞིག་ཏུ་གྱུར་ཡོད། གླིང་ཁུལ་ནང་མཐོང་དཀོན་པའི་རོང་བོ་འགག་གི་རྨང་གཤིས་དྲགས་པའི་བྲག་གཟུགས་དང་། མཛེས་སྡུག་ལྡན་པའི་ས་དམར་ས་གཤིས། རྨ་ཆུའི་མཛེས་ལྗོངས་བཅས་མཉམ་དུ་ཆགས་ཤིང་། དེ་ནི་ས་གཞི་ཆེན་པོའི་གྲུབ་ཚུལ་རིམ་འགྱུར་དང་རྒྱ་མཚོ་ཆེན་པོ་དང་སྐམ་སའི་བརྗེ་སྤོར་གྱི་ས་ཆ་ལེགས་པོ་ཞིག་ཡིན་ལ། རྒྱ་མཚོ་སྐར་སར་འགྱུར་ལྡོག་བྱུང་བའི་བདེན་དཔང་ངོ་མ་ཞིག་ཡིན་པ་མ་ཟད། རྨ་ཆུའི་སྟོད་རྒྱུད་ཀྱི་ལྡེབས་ཉིལ་ཆེན་པོ་དང་ནམ་ཟླ་འགྱུར་ལྡོག་ལ་ཞིབ་འཇུག་བྱེད་པའི་རང་བྱུང་རྟེན་མཛོད་ཁང་ཞིག་ཀྱང་ཡིན།
ཡུན་དབྱང་ལུང་ཀང་ཐེན་བྲག་ཁུང་ས་གཤིས་རྗེས་ཤུལ།
ཡུན་དབྱང་འཛམ་གླིང་ས་གཤིས་སྤྱི་གླིང་ནི་ཁྲུང་ཆིང་གྲོང་ཁྱེར་ཡུན་དབྱང་རྫོང་གི་ལྷོ་རྒྱུད་དུ་གནས་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ1124.05ཡོད་པ་དང་། འབྲི་ཆུའི་འགག་གསུམ་ཆུ་མཛོད་ཁུལ་གྱི་དབུས་ཁུལ་དུ་གནས་ཡོད། སྤྱི་གླིང་དུ་ཀྲུའུ་ལུའོ་བར་མའི་དུས་རབས་ཀྱི་ཁུང་འབྲུག་གི་རུས་རྡོ་ཁྱུ་ཚོགས་ཁྱད་ཆོས་གཙོ་བོར་བྱེད་པ་དང་། རིང་ཚད་སྤྱི་ལེ18.2ཡོད་པའི“འཛམ་གླིང་གི་ཁུང་འབྲུག་འགྱུར་རྡོའི་ལྕགས་རི་རིང་པོ”དང་། འཛམ་གླིང་གི་ཀྲུའུ་ལུའོ་དུས་སྐབས་ཀྱི་ཁུང་འབྲུག་འགྱུར་རྡོའི་གྱང་ལྡེབ་ཆེ་ཤོས་ཡོད་པས། ཨེ་ཤེ་ཡའི་ཀྲུའུ་ལུའོ་དུས་སྐབས་ཀྱི་ཁུང་འབྲུག་གི་རིམ་འགྱུར་རྩ་རྐྱེན་སྦྲེལ་མཐུད་བྱས་ནས། འཛམ་གླིང་གི་ཁུང་འབྲུག་རིམ་འགྱུར་རིམ་སྟར་གྱི་སྟོང་ཆ་ཁ་གསབ་བྱས་པས་རྒྱལ་སྤྱིའི་དོན་སྙིང་གལ་ཆེན་ལྡན་ཡོད།
2015ལོར། གོ་ལ་ཧྲིལ་པོའི་ས་གཤིས་ཤུལ་བཞག་དང་རང་བྱུང་མཛེས་ལྗོངས་ལ་སྔར་བས་སྲུང་སྐྱོབ་བྱ་ཆེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་ཚོགས་ཆེན་སྐབས38པས“རྒྱལ་སྤྱིའི་སའི་གོ་ལའི་ཚན་རིག་དང་ས་གཤིས་སྤྱི་གླིང་འཆར་གཞི”ཆོག་མཆན་སྤྲད་པ་དང་།“མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང”བཙུགས་པ་རེད། མིག་སྔའི་བར་གོ་ལ་ཧྲིལ་པོར་བསྡོམས་པས་འཛམ་གླིང་ས་གཤིས་སྤྱི་གླིང229ཡོད། །