ཀྲུང་གོ་བོད་ཀྱི་དྲ་བ།

ཐོན་ཁུངས་བེད་སྤྱོད་བྱས། ཞིང་པའི་ཡོང་སྒོ་འཕར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐོན་ཁུངས་བེད་སྤྱོད་བྱས། ཞིང་པའི་ཡོང་སྒོ་འཕར།

—ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་མཐོང་ཐོས།

བད་ཁོ་སྡེ་བའི་ཞིང་ས།

སྟོན་ཁ་ནི་འབྲས་བུ་སྨིན་པའི་དུས་ཚིགས་ཤིག་སྟེ། རླུང་བསེར་བུའི་ཁྲོད་དུའང་འབྲས་བུའི་བསུང་ངད་ཁྱབ་འདུག

ཉེ་ཆར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་མིས་བཟོས་རྩྭ་རའི་ནང་དུ། རྔ་སྡུད་འཕྲུལ་འཁོར་ཆེན་པོ་རེ་རེས་སྐད་སྒྲ་བར་མེད་དུ་སྒྲོག་བཞིན་བྲེགས་པའི་རྩྭ་དག་བསྡམས་ལོག་དང་བསྡམས་ལོག་བྱས་ཏེ་གྲལ་ཕྲེང་འགྲིག་མོས་ཞིང་ཁར་བརྩིགས་འདུག་ལ། སྔོ་རྩྭའི་དྲི་མ་འཐུལ་ཞིང་སྡེ་མིའི་དགོད་སྒྲ་སྒྲོག་པ་སོགས་ཡུལ་དེར་ལོ་ལེགས་སྡུད་པའི་དགའ་སྤྲོས་ཁེངས།

བད་ཁོ་སྡེ་བ་ནི་ཞིང་ཕྱུགས་ཟུང་འབྲེལ་གྱི་བོད་རིགས་འབྲོག་སྡེ་ཞིག་ཡིན་ལ། ས་ཞིང་གཤིན་པོ་ནི་སྡེ་བ་དེ་འཕེལ་རྒྱས་འབྱུང་བའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ས་ཞིང་གི་རྒྱ་ཁྱོན་ཆེ་སྟེ་གཞི་རྩའི་ཞིང་ས་ཁོ་ནར་ཡང་སྤྱི་ཆིང450ཡོད་པའི་ཁར། མིས་བཟོས་རྩྭ་རའི་རྒྱ་ཁྱོན་སྤྱི་ཆིང2100ལས་བརྒལ། ས་ཞིང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དག་ཡོད་པས་བད་ཁོ་སྡེ་བར“རྫོང་རིའི་འབྲུ་མཛོད”ཀྱི་སྙན་གྲགས་རྒྱས་ཡོད།

ཟླ9པ་ནི་བད་ཁོ་སྡེ་བའི་གཟན་རྩྭ་གསོག་འཇོག་གི“ལོ་ལེགས་སྡུད་པའི”ཟླ་བ་རེད། བད་ཁོ་སྡེ་བའི་མ་རྐང་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་དུ་བསྐྱོད་པ་ན། གྱང་གི་ལྡེབས་ངོས་སུ“‘ཐོན་ལས་ཆེན་པོ་བཞི’ཡི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཧུར་བརྩོན་གྱིས་བསྐྲུན་དགོས”ཞེས་པའི་ཡིག་འབྲུ་ཆེན་པོ་དག་མིག་ལམ་དུ་མངོན། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིད་བྷེ་ཡིས་རྩྭའི་བསྡམས་ལོག་བརྩི་ཞོར་དུ་འགྲམ་གྱི་སྡེ་མི་རྣམས་ལ་སེམས་འགུལ་ཐེབས་པའི་ངང་ནས“‘ཀྲུང་གོ་པའི་ཟས་ཕོར་རང་ཉིད་ཀྱི་ལག་ཏུ་བརྟན་པོར་འཛིན་དགོས་ཞེས་པར་བལྟས་ན’གཞུག་ཕྱོགས་སྲིད་ཇུས་དང་ལས་གཞི་དང་མ་དངུལ་སྔར་བས་མང་པོས‘ཞིང་གསུམ’ལ་རམ་འདེགས་བྱེད་རྒྱུ་ཡིན་པ་ཤེས་ཐུབ། ཕྱིན་ཆད་ཀྱང་འཕེལ་རྒྱས་ལེགས་པོ་འབྱུང་རྒྱུ་ཁོ་ཐག་རེད”ཟེར།

བད་ཁོ་སྡེ་བ་ནི་ཐུན་ཏེ་རྫོང་གི་ཕྱུགས་ལས་གཙོ་བོ་དང་ཞིང་ལས་ཞོར་དུ་གཉེར་བཞིན་པའི་བསྡུས་གཟུགས་ལྟ་བུ་ཡིན། “གནམ་ལ་བརྟེན་པ”ཡི་སྲོལ་རྒྱུན་འདེབས་འཛུགས་བྱེད་སྟངས་དེ་ནི་གནའ་ནས་བཟུང་ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཀག་རྐྱེན་ཐེབས་པའི་གེགས་སུ་གྱུར་ཡོད། དེའི་ཁར་ཐོན་ལས་མུ་འབྲེལ་གྱི་འཕེལ་རྒྱས་རྗེས་ལུས་ཡིན་ཞིང་ཕྱི་རུ་ཞོར་ལས་སུ་འགྲོ་མཁན་ཇེ་མང་དུ་སོང་བ་དང་། “ཞིང་འདེབས་པ”ནི་དཀའ་ལས་ཆེ་བ་དང་ངལ་དུབ་ཆེ་བའི་ལས་ཀའི་མཚོན་རྟགས་སུ་གྱུར།

ས་ཞིང་གི་ཐོན་ཁུངས་སྔར་བས་ལེགས་པོར་བེད་དུ་སྤྱད་ནས་མིག་སྔར་གྱི་དཔལ་འབྱོར་ཇི་ལྟར་འཕེལ་རྒྱས་གཏོང་བ་དང་། སྲོལ་རྒྱུན་གྱི་འདེབས་འཛུགས་དེ་གསར་དར་ཞིང་ལས་སུ་ཇི་ལྟར་བསྒྱུར་རམ། 2021ལོ་ནས་བཟུང་། བད་ཁོ་སྡེ་བས་སྡེ་ཕྱུག་དམངས་ཕྱུག་དང་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གཏོང་བར་དམིགས་ནས་སྡེ་བའི་ཏང་ཀྲི་པུའུ་གཙོ་བོ་ཡིན་པའི་མཉམ་ལས་ཁང་འཛུགས་པ་དང་། ས་ཞིང་དང་ཞིང་ལས་འཕྲུལ་ཆས་སོགས་ཀྱི་ཐོན་ཁུངས་ཧྲག་སྡེབ་བྱས་ཏེ། འདེབས་འཛུགས་ཁྱིམ་ཆེན་ནང་འདྲེན་དང་ཁྱད་ལྡན་འདེབས་འཛུགས་འཕེལ་རྒྱས་སུ་གཏོང་རྒྱུའི་གཏན་འབེབས་བྱས།

“ཐོན་ཁུངས་བེད་དུ་སྤྱད། ཞིང་པའི་ཡོང་སྒོ་འཕར། རྩྭ་བཏབ་པར་ཞིང་ས་མུའུ་རེའི་སྟེང་དུ་ཡོང་སྒོ་སྒོར2000ཡོད་ལ། བཏབ་པ་ཇི་ལྟར་མང་ན་ཡོང་སྒོ་དེ་ལྟར་མང”ཞེས་བད་ཁོ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་ཝུའུ་ཐུང་ཧའེ་ཡིས་དེ་ལྟར་བཤད། སྡེ་བའི་ཐུན་མོང་དཔལ་འབྱོར་ནས་སྔ་གཞུག་ཏུ་སྒོར་ཁྲི360ལྷག་བཏང་སྟེ་རྔ་སྡུད་འཕྲུལ་འཁོར་ཉོས་པ་དང་། སྡེ་བའི་ནང་གི་འདེབས་འཛུགས་ཁྱིམ་ཆེན་གྱིས་ད་ལོ་ས་ཞིང་སྤྱི་ཆིང340འགན་ལེན་བྱས་ཏེ་ཡུག་པོ་བཏབ་པས། རང་ཡུལ་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་དགོས་མཁོ་བསྐངས་པར་མ་ཟད། ད་རུང་ཡུས་ཧྲུའུ་དང་ལྷ་ས་སོགས་སུའང་བཙོང་བས་ཡོང་སྒོ་ཡིད་ཚིམ་པ་ཞིག་བླངས།

ད་ལོར། བད་ཁོ་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གཏོང་བར་དམིགས་ནས། མང་ཚོགས་ཀྱི་སྣེ་ཁྲིད་དེ་རྩྭ་ཐང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ནན་འཛིན་བྱས་ཏེ། སྡེ་བ་གང་བོའི་རྩྭ་ས་མུའུ་ཁྲི་ཙམ་གྱི་སྟེང་དུ་སྤུས་ལེགས་གཟན་རྩྭ་བཏབ་པས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི54.5ལ་སླེབས། སྡེ་བ་གང་བོར་སྒེར་གཉེར་ཁྱིམ་ཚང40ལྷག་ཡོད། མང་ཚོགས་ཁ་ཤས་ཀྱིས་ཁང་པ་ཉིས་ཐོག་ལས་ཤིང་རླངས་འཁོར་ཆུང་ཆུང་ཉོས་ཏེ་འཚོ་བ་སྐྱིད་པོ་རོལ་བཞིན་འདུག

ཐུན་ཏེ་རྫོང་ཞིང་ཕྱུགས་དང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་འབྲུག་སེང་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཐུན་ཏེ་རྫོང་གི་སྐྱེ་ལྡན་རྒྱུད་བཟང་ནོར་གནག་གི་གྲངས་ཀ45000ལ་སླེབས་ཤིང་། བསྟུད་མར་ལོ5ལ་སྐྱེ་ལྡན་ཐོན་ཡུལ་གྱི་དཔང་ཡིག་ཐོབ། རྒྱུད་བཟང་ནོར་གནག85%ཡན་ལ་སླེབས། ད་ལྟ“ཞིང་ཕྱུགས་ཟུང་འབྲེལ། རྩྭ་ཕྱུགས་མཉམ་འགུལ”གྱི་ལམ་སྲོལ་འོས་སྦྱོར་བྱས་ཏེ། ཞང་དང་གྲོང་རྡལ་སོ་སོས་འཕེལ་སྟངས་ལ་འཕྲོད་པའི“གང་འཚམ་དེ་མཁོ”ལྟར། ཐོན་ལས་མཉམ་འབྲེལ་གྱི་ཕུང་བོ་བཙུགས་ཡོད་པས། ཚོང་ཁྲོམ་གྱི་འགྲན་རྩོད་ནུས་ཤུགས་མཐོར་འདེགས་སུ་གཏོང་ཐུབ་པར་མ་ཟད་ཚོང་ཁྲོམ་གྱི་ཟིན་ཚད་རྒྱ་ཆེར་གྱུར་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བ“གཉིས་ཀར་རྒྱལ་ཁ་ལེན་པ”མངོན་འགྱུར་བྱུང་ཡོད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།