ཀྲུང་གོ་བོད་ཀྱི་དྲ་བ།

ཁྱད་ལྡན་གསོ་སྤེལ་གྱིས་གྲོང་གསེབ་དར་སྤེལ་ལ་ཕན་བཏགས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ10པའི་ཚེས28ཉིན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མགོ་མང་གྲོང་རྡལ་རུ་སྔུན་ཞོལ་མ་སྡེ་བའི་ཤྭ་བ་ཁྲ་རིས་གསོ་སྤེལ་རྟེན་གཞི་རུ་སོང་། གྲ་དག་པའི་ཤྭ་ཁང་གི་ནང་དུ་ཤྭ་བ་རྣམས་ལྕགས་དྲའི་ནང་དུ་འདུས་ནས་ཐིག་ལེའི་མདངས་གསལ་ཞིང་སྙིང་རྗེ་བོར་སྣང་།

རྟེན་གཞི་གསོ་སྤེལ་གྱི་སྦྱིན་བདག་མགོན་པོས་ལག་ཏུ་སྨན་ཁབ་བཟུང་སྟེ་ཤྭ་བ་ཁྲ་རིས་དག་ལ་འགོག་སྨན་བརྒྱབ་རྗེས། ལག་ཏུ་ལྕགས་ཁེམ་བཟུང་ཞིང་འདྲུད་འཐེན་འཁོར་ལོ་དེད་ཡོང་ནས་ཤྭ་ཁང་ལ་གཙང་སྦྲ་བྱེད་མགོ་བརྩམས་སོང་། ཤྭ་བ་ཁྲ་རིས་རེ་རེ་གྱང་རྩ་རུ་རྒྱུག་པའི་སྒྲ་ཐོས་རྗེས། “ཤྭ་བ་ནི་སྙིང་ཆུང་བས་གྲག་འགུལ་ཅུང་ཙམ་ཞིག་ཡོད་ཚེ་ཡར་རྒྱུག་མར་རྒྱུག་བྱེད་པ་ཡིན། ངས་ཉིན་རེར་ཤྭ་བ་ཁྲ་རིས་ཀྱི་བདེ་ཐང་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། ཁོ་ཚོའི་འཚོ་བའི་གོམས་གཤིས་ལ་ལྟ་ཞིབ་བྱས་པར་མ་ཟད་དུས་ཐོག་ཏུ་ཟིན་ཐོར་འགོད་དགོས། དེ་ལས་གཞན། ཉིན་རེར་དུས་ཚོད་མང་པོ་སྤྱད་དེ་ཤྭ་ཁང་ནང་དུ་གཙང་སྦྲ་བྱེད་དགོས། ཉིན་གསུམ་བཞི་རེའི་ནང་ཤྭ་ཁང་ཡོངས་སུ་གཙང་སྦྲ་བྱས་ནས་གསོ་སྤེལ་ར་བ་གཙང་བསྒྱུར་བྱེད་ཀྱིན་ཡོད”ཟེར།

ཐོན་ལས་དར་བ་ནི་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་གལ་ཆེན་ཡིན་ལ། ཐོན་ལས་འཕེལ་རྒྱས་ནི་ཞིང་པ་ཡི་སྐྱིད་པའི་འཚོ་བའི་འབྱུང་ཁུངས་ཡིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་ཆེད། མགོ་མང་གྲོང་རྡལ་གྱིས་ཐོན་ལས་ཀྱི་འབྲེལ་ཐག་ལ་དམ་པོར་སྦྲེལ་ནས། 2022ལོར། མི་སྣ་རྩ་འཛུགས་བྱས་ཏེ་ཅི་ལེན་ཞིང་ཆེན་ཁྲང་ཁྲོན་གྲོང་ཁྱེར་དུ་ཤྭ་བ་ཁྲ་རིས་གསོ་སྤེལ་གྱི་སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་ལ་རྟོག་ཞིབ་དང་སློབ་སྦྱོང་བྱེད་དུ་མངགས། ཤྭ་བ་ཁྲ་རིས་གསོ་སྤེལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་བརྟག་ཞིབ་དང་དབྱེ་ཞིབ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། རུ་སྔུན་ཞོལ་མ་སྡེ་བར་སྐུལ་སློང་དང་སྣེ་ཁྲིད་ནས་ས་བབ་དང་བསྟུན་ནས་གསོ་སྤེལ་གྲུབ་ཚུལ་ལེགས་སྒྲིག་བྱེད་དུ་བཅུག་སྟེ་ཤྭ་བ་ཁྲ་རིས་གསོ་རུ་བཅུག

དུས་མཚུངས་སུ་མགོ་མང་གྲོང་རྡལ་གྱིས་ཧུར་ཐག་གིས་ཁེ་ལས་དང་འབྲེལ་གཏུག་མཉམ་ལས་བྱས་ཏེ། མ་དངུལ་སྒོར་ཁྲི230བཏང་ནས་ཤྭ་བ་ཁྲ་རིས་གསོ་སྤེལ་ལས་གཞི་ལག་བསྟར་བྱས། ཤ་བ་ཁྲ་རིས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་བཙུགས་རྗེས་ཤྭ་བ་ཁྲ་རིས133དང་དེ་དག་གསོ་སྤྱད་ཀྱི་སྒྲིག་བཀོད་ཆ་ཚང་ཉོས་ལ། དེ་ནི་རྒྱུད་སྤེལ་དང་གསོ་སྤེལ། ལས་སྣོན། ཕྱིར་འཚོང་བཅས་གཅིག་ཏུ་འདུས་པའི་མཉམ་ལས་ཁང་ཞིག་ཡིན་ལ། གཙོ་བོ་ཤྭ་ར་དང་ཤྭ་ཁྲག་སོགས་འཚོང་བ་རེད། འདི་ལྟར་རུ་སྔུན་ཞོལ་མ་སྡེ་བས་ཤྭ་བ་ཁྲ་རིས་གསོ་བའི་མགོ་བརྩམས་སོང་།

རུ་སྔུན་ཞོལ་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྡོ་ཁོས་བཤད་རྒྱུར། “ནོར་ལུག་དང་བསྡུར་ན་ཤྭ་བ་ཁྲ་རིས་ཀྱིས་རྩྭ་གང་ཡིན་ཟ་བ་དང་། རྩོལ་པོའང་མང་པོ་མི་དགོས་ལ་གཟན་རྩྭ་ཉོ་བའི་མ་རྩ་ཡང་ཅུང་དམའ། ཤྭ་བ་ཁྲ་རིས་ནི་རྩྭ་གཟན་སྲོག་ཆགས་ཡིན་པས་ཧ་ཅང་གསོ་སླ། ཤྭ་བ་ཁྲ་རིས་ཀྱི་ཕུང་བོ་ཡོངས་རྫོགས་རིན་པོ་ཆེ་ཡིན། ལུས་ཀྱི་ཆ་མང་པོ་ཞིག་སྦྱོར་བཟོ་ཞིབ་མོ་བྱས་ན་སྒོར་མོར་བཙོང་ཐུབ། དཔེར་ན་ཤྭ་ར་དང་ཤྭ་ཁྲག ཤ་སོགས་ལ་སྨན་དུ་བཀོལ་བའི་རིན་ཐང་དང་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་པས་ཚོང་རའི་མདུན་ལྗོངས་ཤིན་ཏུ་བཟང་།”

“ཤྭ་བ་ཁྲ་རིས་གསོས་ན་གཙོ་བོ་ཤྭ་ར་དང་ཤེའུ་བཙོང་ནས་སྒོར་མོ་བཙལ་དགོས། ཤྭ་ཕོ་ཁ་གང་ཞིག་གི་ཤྭ་རྭ་ལོ་གཅིག་གི་ནང་དུ་ཐེངས་གཉིས་ལ་བཅད་ཆོག”ཅེས་མགོན་པོས་དེ་ལྟར་བཤད། ཤྭ་བ་ཁྲ་རིས་ནི་ཟ་བ་ཉུང་ལ་འཚར་ལོངས་མགྱོགས། ལྷག་པར་ཤྭ་རྭའི་རིན་གོང་རྒྱུན་ཆད་མེད་པར་ཇེ་མཐོར་སོང་བ་དང་བསྟུན་ནས། ཤྭ་བ་ཁྲ་རིས་གསོ་སྤེལ་གྱི་དཔལ་འབྱོར་ཕན་འབྲས་ཧ་ཅང་མངོན་གསལ་དུ་གྱུར།

གྲོང་གསེབ་དར་སྤེལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ན། ཞིང་ལས་དང་ཞིང་སྡེ་དམིགས་བསལ་ཡིན་པའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་དགོས། ཉེ་བའི་ལོ་འགའི་རིང་ལ། མགོ་མང་གྲོང་རྡལ་གྱིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཚུལ་ཧུར་ཐག་གིས་ལེགས་སྒྲིག་བྱས་པ་དང་། ཁེ་ལས་གཙོ་བོའི་སྣེ་ཁྲིད་དང་འགྱེད་འཕྲོའི་ནུས་པ་འདོན་པའི་སྟེང་བརྩོན་པ་བསྐྱེད་དེ། ཁྱད་ལྡན་གསོ་སྤེལ་ཐོན་ལས་བརྒྱུད་ནས་ཞིང་སྡེའི་དཔལ་འབྱོར་དར་དུ་བཅུག་པ་དང་ཞིང་པའི་ཐོན་ལས་ཧུར་པོར་བཏང་ནས་འཚོ་བ་ཕྱུག་པོར་བསྒྱུར།

རྡོ་ཁོས“ད་ལོ། ཀོས་ནན་རྫོང་ཞིང་ཕྱུགས་དང་ཆུ་བེད་ཅུས་ཀྱིས་རོགས་སྐྱོར་མ་དངུལ་སྒོར་ཁྲི14སྦྱིན་པ་དེ་ཤྭ་བ་ཁྲ་རིས་ཀྱི་འབྲེལ་ཡོད་ཁྱད་ལྡན་ཐོན་རྫས་ཀྱི་ཕྱི་ཐུམ་ཕྱོགས་སུ་བཀོལ་ཡོད། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོར་འདེགས་བྱས་པ་བརྒྱུད་ནས་ཁེ་སྤོགས་སྒོར་ཁྲི10ཙམ་བླངས་པ་དང་། སྡེ་བ་ཐུན་མོང་གི་དཔལ་འབྱོར་ཁེ་ཕན་ཉིན་རེ་བཞིན་ཇེ་མཐོར་སོང་ཡོད་པས་མང་ཚོགས་ཀྱི་ཡོང་སྒོའང་ཆེས་ཆེར་འཕར་ཡོད”ཟེར།

རྗེས་མར། རུ་སྔུན་ཞོལ་མ་སྡེ་བས་ཤྭ་བ་ཁྲ་རིས་གསོ་སྤེལ་རྟེན་གཞི་དེ་ཀོས་ནན་རྫོང་གི“ཚན་རྩལ+ཁྱད་ལྡན+ཕྱུགས་ལས+མཉམ་ལས་ཁང+ཡུལ་སྐོར”བཅས་ཀྱི་མཉམ་འདྲེས་གསར་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔེ་སྟོན་ཞིག་ཏུ་བསྐྲུན་པར་ཧུར་བརྩོན་བྱེད་རྒྱུ་དང་། ཟོང་རྟགས་བསྐྲུན་པ་དང་སྦྲེལ་ཐག་ཇེ་དམ་ལ་གཏོང་བ། ཚོགས་པ་སྒྲིག་པ་བཅས་ལས་ཁྱད་ཐོན་གསོ་སྤེལ་ཐོན་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས་ནས་ཕྱུག་བསྒྱུར་གྱི“ཤྭ་ལམ”ཞིག་གཏོད་རྒྱུ་རེད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།