ཀྲུང་གོ་བོད་ཀྱི་དྲ་བ།

སྐྱེ་ཁམས་ནི་ང་ཚོའི་ཐོན་ཁུངས་དང་རྒྱུ་ནོར་རྩ་ཆེན་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ནོ་གཞི།   སྤེལ་དུས། : 2022-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཟང་པོ་བྱ་རྒྱུ་ནི། རྒྱལ་ཁབ་ཀྱི་དོན་ཆེན་ཡིན”ཞེས་པའི་གསུང་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ང་ཚོའི་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ། ཀྲུང་ཧྭའི་ཆུ་ལྕོག་སྲུང་སྐྱོབ་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཏུ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་ཐད་ནས་བླངས་པའི་ཕན་འབྲས་ནི་ཐོབ་སླ་བ་ཞིག་མིན་པས། ལྡབ་འགྱུར་གྱིས་གཅེས་སྤྲས་དང་རྒྱུན་ཆད་མེད་པར་སྲ་བརྟན་གྱིས་རྒྱ་བསྐྱེད་བྱེད་དགོས”ཞེས་གསུངས་ཡོད། དེ་བས། ང་ཚོས་གཙང་གསུམ་འབྱུང་ཡུལ་དང་མཚོ་སྔོན་པོ་སོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཞིར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ཡོད་ཚད་ལ་ངེས་པ་དོན་གྱིས་ཤུགས་བསྣན་ནས། སྔོ་ལྗང་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་ཞིང“སྐྱེ་ཁམས་ནི་གཏེར་མཛོད་ཡིན་པ”ར་སྤྲོད་བྱ་དགོས།

25fba3e69581b7ef010571d65c66c6d.jpg

སྔ་དུས་ཀྱི་ཉ་འཛིན་པ་དང་རི་དྭགས་རྔོན་པའི་དུས་སྐབས་ནས་ཡར་རྒྱས་བྱུང་སྟེ། ཞིང་ལས་རྨོ་འདེབས་ཀྱི་སྐབས་སུ་སླེབས་རྗེས། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་གཏོར་བརླག་བྱེད་པའི་རྣམ་པ་ཙམ་མགོ་འབུས་ཀྱང་། སྤྱིའི་ཆ་ནས་ཁོར་ཡུག་ལ་འབག་བཙོག་ཆེན་པོ་ཐེབས་མེད། དུས་རབས18པའི་ལོ་རབས60པ་ནས་བཟུང་སྟེ། དེང་རབས་བཟོ་ལས་དཔལ་ཡོན་གྱི་འཕེལ་འགྲོས་དང་བསྟུན། མིའི་རིགས་ཀྱིས་རང་བྱུང་ཁམས་འདུལ་སྦྱོང་དང་བསྒྱུར་བཀོད་བྱེད་པའི་ནུས་པ་སྔར་ལས་ཇེ་ཆེར་སོང་ནས། མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་དོ་མི་མཉམ་པའམ་ཛ་དྲག་ཏུ་གྱུར་ཏེ། མིའི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ཐད་ལ་ཉམས་ཉེན་བྱུང་། ལོ་རྒྱུས་རིག་པ་བ་མཱེ་ཁུ་ཉི་ཨར་གྱིས“ཁོར་ཡུག་འགྱུར་ལྡོག་གི་རྒྱ་ཁྱོན་དང་མྱུར་ཚད་རྐྱང་པར་གཞིགས་ནས་བཤད་ན། དུས་རབས20པའི་ཁོར་ཡུག་གི་འགྱུར་ལྡོག་ནི་སྔར་བྱུང་མ་མྱོང་བ་ཞིག་ཡིན། མི་རྣམས་ཀྱིས་དང་པོར་མེ་བཀོལ་སྤྱོད་བྱེད་དུས། རོ་མ་ནས་ཞ་ཉེ་བཙོ་སྦྱངས་བྱས་ཀྱང་། ལེ་དབར་སྟོང་གིས་ཆོད་པའི་བྱང་སྣེའི་མཁའ་དབུགས་ལ་འབག་བཙོག་ཅི་ཡང་ཐེབས་པར་མི་བྱེད། ཡིན་ནའང་། ཉེ་དུས་སུ་མཁའ་དབུགས་ལ་འབག་བཙོག་ཐེབས་ཚད་ཚབས་ཆེན་དུ་གྱུར་ནས་རླུང་ཁམས་ཆེན་པོའི་གྲུབ་ཆ་སྣ་ཚོགས་ཀྱི་བསྡུར་ཚད་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད”①ཅེས་གསུངས་པ་བཞིན། ཉེ་ལམ་ཉིན་རེ་བཞིན་ཚབས་ཆེན་དུ་འགྱུར་བཞིན་པའི་ཁོར་ཡུག་འབག་བཙོག་དང་། རང་བྱུང་ཐོན་ཁུངས་ཟད་སྟོངས་སུ་འགྱུར་བ་བཅས་ནི། མི་རྣམས་ཀྱིས་དོ་ཁུར་བྱེད་པའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད།དེ་ལས་ཡུལ་བྱེ་བྲག་ཏུ་གྱུར་པའི་མཚོ་སྔོན་ས་ཆར་མཚོན་ནས་བཤད་ན། དངོས་གནས་མཚོ་སྔོན་པོ་ནི་རང་རྒྱལ་ནུབ་ཕྱོགས་ཀྱི་ཆུའི་ཐོན་ཁུངས་ཀྱི་གཤིན་ས་གལ་ཆེན་ཞིག་དང་། རླངས་པ་འཁོར་སྐྱོད་ཀྱི་རྒྱུ་ལམ་གལ་ཆེན་ཞིག་ཡིན་པས། དེ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་བའི་ཆུ་གཟུགས་གལ་ཆེན་ཞིག་ཡིན་ལ། ནུབ་ཕྱོགས་ཀྱི་བྱེ་འགྱུར་ཅན་ཤར་ཕྱོགས་སུ་མཆེད་པ་འགོག་བྱེད་ཀྱི་རང་བྱུང་སྲུང་ཡོལ་ལྟ་བུ་ཞིག་ཡིན་པར་མ་ཟད། རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་ཆེས་དར་རྒྱས་ཆེ་བའི་རྨ་ཙོང་གཤོང་སའི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆེས་མཐའ་མཇུག་གི་སྲུང་ཡོལ་ཞིག་ཀྱང་ཡིན་པས།སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དེ་དོན་དངོས་ཐོག་འཛམ་གླིང་རང་བཞིན་གྱི་གནད་དོན་ཞིག་ཏུ་གྱུར་ཡོད། དེ་བས། དངོས་པོའི་དཔལ་ཡོན་གྱ་ནོམ་པར་གཏོང་བའི་གོ་རིམ་ཁྲོད་དུ། བསམ་པའི་དཔལ་ཡོན་འཛིན་སྐྱོང་སྤེལ་གསུམ་གྱིས་རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པར་སྐུལ་འདེད་བྱ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད།

གཉིས་པ། སྲོལ་རྒྱུན་རིག་གནས་ཀྱིས་ཁོར་སྲུང་ལ་ཐོན་པའི་ནུས་པ།

དྭངས་གཙང་གི་ཁོར་ཡུག་ཅིག་ཏུ་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་ནི་འཚོ་བའི་གཞི་རྩའམ་འདུན་མ་ཡིན་ཡང་། བསྐལ་པ་ཡ་ཐོག་ནས་བཟུང་སྟེ་མིའི་རིགས་ཀྱི་སྒེར་སེམས་དང་འཚོ་གནས། འཕེལ་རྒྱས་ཟེར་བའི་ཐ་སྙད་རེ་འགའ་ཕྲག་ཏུ་ཁུར་ནས་རང་བྱུང་ཁམས་ལ་དད་མོས་བྱེད་པ་དང་། རང་བྱུང་ཁམས་འདུལ་སྦྱོང་བྱེད་པ། རང་བྱུང་ཁམས་དང་མཉམ་གནས་བྱེད་པ་བཅས་ཀྱི་དུས་རབས་རིམ་བྱུང་གི་འཕེལ་འགྲོས་ལས། ས་སྒང་འདིའི་རང་བྱུང་ནགས་ཚལ་དང་ཆུ་ཀླུང་། རྩྭ་ཐང་སོགས་ལ་གས་ཆག་ཤོར་ཞིང་རྨ་ཁ་བཟོས་རྐྱེན། མཛེས་སྡུག་གི་རྩྭ་ཐང་མི་མེད་མྱ་ངམ་ཐང་དུ་གྱུར་པ་དང་། ཆུ་མགོ་བསྐམས་པ། ཐན་སྐྱོན་བྱུང་བ་སོགས་རང་བྱུང་གི་གནོད་འཚེ་ཁག་རིམ་པར་བྱུང་ནས། ང་ཚོར་སྔར་མེད་ཀྱི་དཀའ་སྡུག་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད།

458a456d3adc0313a5743d13404efe1.jpg

འཛམ་གླིང་གི་མི་རིགས་གང་ཞིག་ཡིན་རུང་། ཡབ་མེས་ནས་བརྒྱུད་པའི་ཡུལ་སྲོལ་གོམས་གཤིས་ལ་འབྲལ་ཐབས་མེད་པའི་བསམ་བློའི་ཀུན་སྤྱོད་དམ་མི་གཤིས་སྤྱོད་ལམ་ཞིག་ཆགས་ཡོད་པ་ལས། ང་ཚོའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱང་ཁ་སང་དེ་རིང་གློ་བུར་དུ་བྱུང་བ་ཞིག་མ་ཡིན་པར། མེས་པོའི་དུས་ནས་བསམ་པའི་རྒྱགས་ཕྱེ་རུ་གྲུབ་ཅིང་ཁོར་སྲུང་ཐད་ནུས་པ་ཐོན་གྱིན་པ་ལོ་རྒྱུས་དང་དངོས་ཡོད་གང་དུའང་གསལ་པོར་མཐོང་ཐུབ་སྟེ།དཔེར་ན་མཚོ་བོད་མཐོ་སྒང་ལ“ཀྲུང་ཧྭའི་ཆུ་ལྕོག”ཏུ་འབོད་པ་དང་དེ་ལས་ཡུལ་བྱེ་བྲག་ཏུ་གྱུར་པའི་མཚོ་སྔོན་གྱི་ས་ཁུལ་འདི་ལ་ཡང“མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཡིན་ལ། སྦས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་རེད།”②ཅེས་པའི་གསུང་ལས། གནས་འདིའི་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་ཤེས་ཐུབ་པར་མ་ཟད། མེས་པོའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ལས་མངོན་པའི་བླ་མེད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་ཐོབ་པ་ཡང་ཤེས་ཐུབ། དེ་ལས་གཞན་ཡབ་མེས་ཀྱིས་ངག་གི་དབྱངས་རྟ་ལས་ཐོན་པའི་སེམས་གཏམ་དྲོན་མོ“རྫ་ཁྲ་ཡག་དཀྱིལ་ལ་གླུ་ཞིག་ལེན། །རྫ་ཁྲ་ཡག་ཡིད་བཞིན་ནོར་བུ་རེད། །འབྲོང་བྲེ་སེར་ནོར་བུའི་རྒྱན་ཆ་རེད། །ནང་རྫ་ཆུ་ནོར་བུའི་དངོས་གྲུབ་རེད། །”③ཅེས་པ་ལྟ་བུའི་གླུ་ཚིག་མང་པོ་ནི“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”ལྟ་བ་དང་གཞི་གཅིག་ཏུ་འདྲེས་ཡོད་པར་མ་ཟད། སྤྱི་ཚོགས་ནས་ཁྱིམ་ཚང་གི་བར་དུ་དང་། རྒན་སྐྲ་དཀར་ནས་གཞོན་སོ་དཀར་བར་གྱི་སྐྱེ་བོ་ཀུན་གྱི་སེམས་ལ“ས་བརྐོ་རྡོ་སློག་བྱེད་པ་དང་། ཆུ་མགོ་ལ་བཙོག་སྐྱོན་གཏོང་བ”སོགས་ཁོར་ཡུག་ལ་གནོད་པའི་ལས་ངན་བསགས་མི་རུང་བའི་སློབ་གསོ་བཏང་བས། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་གཙང་མ་ཞིག་ངང་ངམ་ཤུགས་ཀྱིས་རང་གཤིས་སུ་གྲུབ་ནས་ཁོར་ཡུག་སྲུང་སྐྱོབ་ཐད་ནུས་པ་ཐོན་གྱིན་འདུག

གཞན་ཡང་འབྲོག་མི་སྦྲ་ཁྱིམ་དུ་སྡོད་པ་དང་དུས་ཚིགས་རེ་རེར་རུ་སྤོར་བའི་འཚོ་བ་རོལ་སྟངས་འདིས་ཀྱང་། གནའ་སྔ་མོ་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སམ། འདིའི་ཐད་ལ་མཐོང་ཆེན་ནམ་བརྩི་མཐོང་བྱེད་པའི་བསམ་བློ་ཞིག་ཡོད་པ་ཤེས་ཐུབ།

 གསུམ་པ། མིའི་རིགས་ཀྱི་འབྱུང་འགྱུར་འཚོ་གནས་ལ་བྱས་རྗེས་བླ་ལྷག་འཇོག་པའི་ནུས་པ་ཐོན་པ།

“གཙང་གསུམ་མགོ་ཁུངས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱིས་སྲུང་སྐྱོབ་བྱས་ནས་དུས་ད་ལྟའི་བར་དུ་རྒྱུན་བསྲིངས་པ་ཡིན”④ཞེས་པ་ངེས་པ་དོན་གྱིས་བདེན་པར་གྲུབ་འདུག་སྟེ།རང་རེའི་མེས་པོ་དག་གིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་དུ་ཁོར་སྲུང་ཐད་རིན་ཐང་ཅན་གྱི་བསམ་བློ་མོད་པོ་འདོན་སྤྲོད་བྱས་ཡོད་པས།ཉེ་རབས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་བསམ་བློའི་རིག་གནས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད་པ་དེ་ང་ཚོས་དར་སྤེལ་དང་རྒྱུན་འཛིན་གང་ལེགས་བྱ་རྒྱུ་ནི་རྒྱུན་མཐུད་འཕེལ་རྒྱས་དང་འཚོ་བའི་ཁ་ཕྱོགས་ཡིན་པ་བརྗེད་མི་རུང་།

415555db5f61e3a0419ac24aa980a2e.jpg

མེས་པོའི་སྲོལ་རྒྱུན་རིག་གནས་ཀྱི་རྨང་དུ་གཞིས་ཆགས་པའི་ཕུལ་བྱུང་གི་བསམ་བློ་སྟེ།གཞན་སར་རང་འཇོག་གི་བརྩེ་བས་རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པའི་སྤྱོད་ལམ་ཞིག་ངང་གིས་གྲུབ་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཚེ་སྲོག་ལ་ལྟ་སྟངས་ཅི་འདྲ་འཛིན་པ་བཞིན་དུ་སྐྱེ་ཁམས་ཁོར་ཡུག་ལ་ལྟ་སྟངས་དེ་འདྲ་འཛིན་དགོས”⑤ཞེས་གསུངས་པའི་བསམ་བློ་དང་གཞི་གཅིག་ཏུ་འབྲེལ་ཡོད་པར་མ་ཟད།འཇིག་རྟེན་ཁམས་ཀྱི་བྱ་དངོས་ཡོད་ཚད་ནི་ཚེ་སྲོག་གི་ཕུང་པོ་གཅིག་འདུས་ཀྱི་མ་ལག་ཅིག་ཡིན་པའི་ལྟ་བ་གྲུབ་ཡོད་ལ།དེ་ནི་བྱ་དངོས་ཡོད་ཚད་ལ་གཅེས་སྐྱོང་བྱེད་པའི་མིའི་ཆེས་བླ་མེད་ཀྱི་ཀུན་སྤྱོད་ཡིན།

མདོར་ན།རང་བྱུང་ཁམས་ནི་མིའི་རིགས་ཀྱི་རྟེན་གཞི་ཡིན་པས།རང་བྱུང་ཁམས་ཀྱི་སྐྱེ་དངོས་སྣ་མང་གི་རྒྱུན་སྲུང་ཐུབ་ཚེ།ཕན་ཚུན་འཆམ་མཐུན་ཡོང་ཐུབ་པར་མ་ཟད།མིའི་རིགས་རིག་གནས་བདེ་ཐང་ངང་འཕེལ་བར་སྐུལ་འདེད་གཏོང་ཐུབ།དེ་བས་ཀྱང་གལ་ཆེ་བ་ནི་གོ་ལ་ཧྲིལ་པོ་སྲུང་སྐྱོབ་བྱེད་རྒྱུ་ནི།ང་ཚོས་རང་ཉིད་ཀྱི་སང་ཉིན་རྐྱང་རྐྱང་ལ་བསམས་པ་ཙམ་མ་ཡིན་པར།འགྲོ་བ་མིའི་རིགས་ཀྱི་འབྱུང་འགྱུར་གྱི་འཚོ་བའི་རྟེན་གཞིའི་ཆེད་དུའང་ཡིན་ནོ།།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།