ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་འགྲན་རིམ་གསུམ་པ་ཁྲི་ཀ་མཚམས་སྦྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-07-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

0666.jpg

ཁྲི་ཀ་རྫོང་།

ཁྲི་ཀ་རྫོང་ཞེས་པ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། འདིའི་ཤར་ཕྱོགས་ནི་དཔའ་ལུང་རྫོང་དང་གཅན་ཚ་རྫོང་། ལྷོ་ཕྱོགས་ནི་ཐུན་རིན་རྫོང་དང་རྩེ་ཁོག་རྫོང་། ནུབ་ཕྱོགས་ནི་མང་རྫོང་དང་གསེར་ཆེན་རྫོང་། བྱང་ཕྱོགས་ནི་སྟོང་འཁོར་རྫོང་དང་ཧོང་ཀྲུང་རྫོང་བཅས་ལ་འབྲེལ་ཡོད། རྫོང་མི་དམངས་སྲིད་གཞུང་ནི་རྨ་སྲིབ་གྲོང་རྡལ་དུ་ཆགས་ཡོད། དེ་ནས་ཁུལ་སྲིད་གཞུང་གི་གནས་ཡུལ་ཆབ་ཆ་གྲོང་རྡལ་གྱི་བར་དུ་སྤྱི་ལེ158དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ3504དང་། འདིའི་མངའ་འོག་ན་རྨ་སྲིབ་དང་། འཕྲང་དམར། ཆུ་ནུབ། ལ་ཟེ་བ་བཅས་གྲོང་རྡལ4དང་། ཆུ་ཤར་དང་། ཀབ་རོན་གཞུང་། ཀ་རིང་བཅས་ཡུལ་ཚོ3ཡོད། རྫོང་འདིའི་ས་བབ་ཀྱི་ཆེས་མཐོ་ས་ནི་རྫ་དམར་རི་རྒན་གྱི་དབུ་རྩེ་ཡིན་ཏེ། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི5011ཡོད། ཆེས་དམའ་ས་ནི་རྨ་ཆུའི་བྱང་འགྲམ་གྱི་སམ་བྷ་འགག་ཁ་གོང་མ་ཡིན་ཞིང་། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨི2170ཡོད། འདིའི་ས་བབ་ཧྲིལ་བོའི་ཆ་སྙོམས་ཀྱི་མཐོ་ཚད་ལ་མཚོ་ངོས་ལས་སྨི2200ཡོད། རྫོང་འདིའི་ས་མཚམས་སུ་འབྲེལ་བའི་རི་བོ་གྲགས་ཅན་ལ། ཤར་ཕྱོགས་ན་སྲིན་པོ་རྫ་རྒན་དང་བྲ་མ་ལ། ལྷོ་ཕྱོགས་ན་རྫ་དམར་རི་རྒན། ནུབ་ཕྱོགས་ན་ནུབ་རིའི་རི་རྒྱུད། ནུབ་བྱང་ཕྱོགས་ན་ཨ་མ་ཟོ་དགུ   བྱང་ཕྱོགས་ན་འགྱིང་ལ་དང་དགོ་མང་ལ། བྱང་ཤར་ཕྱོགས་ན་ཨ་མྱེས་རྒོད་རྩེ་བཅས་ཡོད། ཐང་གཞོངས་གཙོ་བོ་ལ། གཡུ་བཟང་ཐང་དང་། བཀྲ་ཤིས་ཐང་། བདེ་སྐྱིད་ཐང་། རྟ་སྒ་གཞོང་། ཆུ་ནག་སྦལ་ཁ་ཐང༌སོགས་ཡོད། འབབ་ཆུ་གཙོ་བོ་ལ། མོ་ཆུ་དང་། གོ་ར་ཆུ། གཡུ་ཚའི་ཆུ། ཀ་རིང་ཆུ་སོགས་ཡོད། ཆུ་ཚན་གྲགས་ཅན་ལ་བདེ་སྐྱིད་ཆུ་ཁོལ་ཡོད། རི་སྐྱེས་སྲོག་ཆགས་ལ། གཡི་གར་དང་། སྦྲེ། གནའ། རྒོ་བ། གཟིག  འཕར་བ། སྤྱང་ཀི  ཝ་དམར། བྲག་སྲམ། ཆུ་སྲམ། གླ། གྲུམ་པ། ཏེའུ་ལོ། སྐྱ་ག  རྒོད་ཁྲ། ཁུག་རྟ། ཤིང་རྟ་མོ། ཁུ་བྱུག  འུག་པ། ཁྲུང་ཁྲུང་། པུ་ཤུ་སྟག་རུལ། རྫ་ཁའི་གོའུ་ཡག་སོགས་ཡོད། གཏེར་རྫས་ཀྱི་རིགས་ལ། ཟངས་དང་། ལྕགས། ཞ་ཉེ། མན། མོལ། ནིག  རྡོ་ཐལ་བྲག  ཅུ་གང་། སེན་སོགས་ཡོད། གནས་ཁམས་ཆེན་ལ། མི་ཉག་མཆོད་རྟེན་དང་། ཇོ་ཇོའི་ལྷ་ཁང་། གདོང་སྣའི་ཐུགས་རྗེ་ཆེན་པོ། ལྷ་དཀར་པོ། རཱ་ག་ཨ་སྱས་རིན་པོ་ཆེའི་རིང་བསྲེལ་མཆོད་རྟེན། མི་ཉག་མགོན་ཁང་། སམ་བྷའི་སྒྲུབ་གནས། མེ་ལོང་བྲག་དཀར།དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་། ཡུལ་ལྷའི་ལྷ་ཁང༌སོགས་ཡོད། ཡུལ་སྐོར་གྱི་གནས་གྲགས་ཅན་ལ་མི་ཉག་དགུ་ཐོག(བརྒྱ་བྱིན་ལྷ་ཁང)སོགས་ཡོད།

0444.jpg

རྫོང་འདིའི་མངའ་ཁོངས་སུ་འཚོ་སྡོད་བྱེད་པའི་རྨ་ཆུའི་ལྷོ་རྒྱུད་ཀྱི་བོད་མིའི་སྡེ་ཤོག་གི་སྐོར་ལ། འཕྲང་དམར་གྲོང་རྡལ་ཁོངས་རོལ་དུ་ལན་འགྲོ་གོང་ཞོལ་དང་། འཕྲང་དམར་ཚོ་བ་བཅུ་གཉིས་ཀྱི་ནང་ཚན་ཏེ་རྐང་ཚ་གོང་ཞོལ་ཚོ་སྒོ་དྲུག་དང་། ཆོས་ཚ། བདུད་ཤུལ་བཅས་དང་། ཆུ་ནུབ་གྲོང་རྡལ་གྱི་ཁོངས་རོལ་དུ་སྟོང་ཆེ་དང་རུ་སྔུན།  རྨ་སྲིབ་གྲོང་རྡལ་གྱི་ཁོངས་རོལ་དུ་མི་ཉག་ཚོ་བ། ཆུ་ཤར་ཡུལ་ཚོའི་ཁོངས་རོལ་དུ་སྐེ་བ་ཚོ་སྒོ་དྲུག་བཅས་ཡོད། རྫོང་འདིའི་མངའ་ཁོངས་སུ་འཚོ་སྡོད་བྱེད་པའི་རྨ་ཆུའི་བྱང་རྒྱུད་ཀྱི་བོད་མིའི་སྡེ་ཤོག་གི་སྐོར་ལ། ལ་ཟེ་བ་གྲོང་རྡལ་གྱི་མངའ་ཁོངས་ཧྲིལ་བོ་དང་། ཆུ་ནུབ་གྲོང་རྡལ་ཁོངས་གཏོགས་ཀྱི་ཧོར་རྒྱལ་སྡེ་བ་སོགས་སུ་སྒོ་མེ་བར་མ་དང་། གཡུ་ཚ། མཁར་ནག  ལྕང་ར། སམ་བྷ། ཨ་སྐུང་སོགས་ཀྱིས་མཚོན་པའི་ཀ་རིང་ཡུལ་ཚོའི་མངའ་ཁོངས་ཧྲིལ་བོར་ཁྱབ་པའི་སྒོ་མེ་ཞོལ་མ་བཅས་ཡོད།

0555.jpg

ཙོང་ཁ་ལབ་ཙེ་ཆེན་མོ།

ཙོང་ཁ་ལབ་ཙེའི་འཛུགས་སྐྲུན་གཙོ་བོའི་མཐོ་ཚད་ལ་སྨི40ཡན་ཡོད་ཅིང་། ལབ་ཙེ་དགུ་དཀྱུས་གཅིག་ཏུ་སྤུངས་པའི་རྣམ་པས་ལབ་ཙེ་གཙོ་བོའི་ཕོ་བྲང་གྲུབ་པ་དང་ཤར་རྒྱུད་དུ་རིམ་པར་ལབ་ཙེ་མ་བུ་བཅུ་གསུམ་ཡོད། ལབ་ཙེ་གཙོ་བོ་ཐོག་བརྩེགས་གསུམ་གྱི་རྣམ་པར་བྱས་པ་ནི་འདོད་ཁམས་དང་གཟུགས་ཁམས། གཟུགས་མེད་ཀྱི་ཁམས་བཅས་ཁམས་གསུམ་གྱི་མཚོན་བྱེད་དང་རྨང་སྟེགས་ཀྱི་རྒྱ་ཁྱོན་ལ་སྤྱི་ཁྲེ30དང་ཞེང་ལ་སྤྱི་ཁྲེ60ཡོད། བརྩེགས་རིམ་དང་པོ་དང་གཉིས་པའི་ནང་རྨ་རྒྱལ་སྦོམ་ར་གཙོ་བྱས་པའི་སྲིད་པ་ཆགས་པའི་ལྷ་དགུ་དང་བླ་མ་ཡི་དམ་ཆོས་སྐྱོང་སྲུང་མ་བཅས་དང་། ལྷག་པར་དགྲ་ལྷ་བཅུ་གསུམ་ལ་སོགས་མདོ་ཁམས་ཀྱི་དྲེག་ཆེ་དགུའི་ལྡེབས་རིས་དང་ཐང་ག་སོགས་ཡོད། ཕོ་བྲང་གི་དཀྱིལ་དབུས་སུ་དཀྲིས་དྲུབ་ཀྱི་སྒྲོལ་མ་དང་ཀོང་ཙེའི་ཕོ་བྲང་དང་སྡེ་བརྒྱད་གཏོར་མ། ཞུན་ཆེ་ཚད་ཅན་བརྩེགས་མ་མཐོན་པོ་བྱས་པ་གཙོས་མཆོད་པའི་ཡོ་བྱད་གྱ་ནོམ་པ་བཅས་ཀྱིས་གཏམས་པར་བྱས་ཡོད།

0333.jpg

སྐྱ་ལོག

སྐྱ་ལོག་ཅེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་མངའ་ཁོངས་ཀྱི་སྡེ་ཆུང་ཞིག་སྟེ། བྲ་ཤུར་སྡེ་བའི་ཁོངས་སུ་གཏོགས་ཤིང་། བྲ་ཤུར་སྡེ་བའི་བྱང་ཕྱོགས་སུ་སྤྱི་ལེ1ཙམ་གྱི་མཚམས་ན་ཆགས་ཡོད། སྔོན་དུས་གནས་འདི་ནི་ཀ་རིང་ནས་སྐུ་འབུམ་དང་ཟི་ལིང་ཕྱོགས་སུ་འགྲོ་སའི་ལམ་ཆེན་ཞིག་ཡིན་པས། ཕར་འགྲོ་ཚུར་འོང་གི་སྐྱ་མི་དག་ས་འདིར་སླེབས་རྗེས། འདི་གའི་སྤང་ཐོག་ཏུ་ཕར་ལོག་ཚུར་ལོག་བྱས་ཏེ་ངལ་གསོ་ས་ཞིག་ཡིན་པར་གྲགས་པས་ན་གནས་འདིའི་མིང་ལའང་སྐྱ་ལོག་ཏུ་ཐོགས་ཟེར།

0222.jpg

ཚེ་མགུ་མཁར་ཐོག

ཚེ་མགུ་མཁར་ཐོག་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཀ་རིང་ཡུལ་ཚོ་སྲིད་གཞུང་གི་བྱང་ཕྱོགས་སུ་སྤྱི་ལེ8ཙམ་གྱི་མཚམས་ན་ཆགས་ཡོད་ཅིང་། སྒོ་མེ་མཆོད་རྟེན་སྐེའི་ཚོ་ཆེན་བཞིའི་གྲས་ཡིན། འདིའི་ཁོངས་སུ་ཚེ་མགུ་མཁར་ཐོག་དང་། མཐའ་འོག  ཆན་ཐཱན་བཅས་སྡེ་ཆུང་གསུམ་ཡོད། ཡུལ་འདིའི་རྒན་པོ་རྣམས་ཀྱི་ངག་རྒྱུན་ལ། སྡེ་བ་འདིའི་ས་འཛིན་པ་དག་ནི་ད་ལྟའི་དཔའ་ལུང་རྫོང་གི་ཆུ་འཁོར་སྡེ་བ་ནས་ཕྱོགས་འདིར་མཆེད་འོངས་ཏེ་གཞིས་ཆགས་པ་ལ་དང་ཐོག་ཆོས་འཁོར་དུ་འབོད་པ་ཡིན་ཀྱང་། ཕྱིས་སུ་ཆོས་འཁོར་ཟེར་རྒྱུའི་སྒྲ་ཟུར་རིམ་གྱིས་ཉམས་ནས་ཚེ་མགུ་རུ་འབོད་པ་བྱུང་བའི་ཁར། ཀ་རིང་སྟོང་དཔོན་དཔོན་རབས་ཤིག་གིས་སྡེ་བ་འདིའི་ནང་མཁར་རྫོང་ཞིག་ཀྱང་བརྩིགས་པས་འདི་ལ་ཚེ་མགུ་མཁར་ཐོག་ཏུ་ཐོགས་ཤིང་། དེ་ནི་རིམ་གྱིས་སྡེ་བ་འདིའི་མིང་དུ་གྱུར་བར་བཤད་དོ།

ཨ་སྐུང་།

ཨ་སྐུང་སྡེ་བ་ཞེས་པ་ནི་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ཆུ་ཤར་ཡུལ་ཚོ་སྲིད་གཞུང་གི་ཤར་ཕྱོགས་སུ་སྤྱི་ལེ12ཀྱི་མཚམས་ན་ཆགས་ཡོད་ཅིང་། འདིའི་ཁོངས་སུ་རོང་བོ་དང་ཨ་སྐུང་ཟེར་བའི་སྡེ་ཆུང་གཉིས་ཡོད། ཡུལ་འདིའི་རྒན་པོ་དག་གི་བཤད་རྒྱུན་ལ། སྡེ་བ་འདིའི་ས་འཛིན་པ་དག་ནི་རྫོང་འདིའི་ཀ་རིང་ཡུལ་ཚོའི་མངའ་འོག་གི་ཨ་སྐུང་སྡེ་བ་ནས་མཆེད་པས་ན། དེའི་ཐོག་མའི་མཆེད་ཁུངས་ཀྱི་སྡེ་བའི་རང་མིང་མ་འགྱུར་བར་འདི་ལ་ཐོགས་པར་བཤད། འདི་ནི་སྐེ་བ་ཚོ་དྲུག་གི་གྲས་ཡིན།

0111.jpg

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།