ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་ནག་ཧྲན་ཞིས་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིགས་ཀྱི་བུ།   སྤེལ་དུས། : 2019-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

timgYAZ2RU0K.jpg

ད་ལོའི་དགུན་ཁའི་སྤྱི་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་ང་རང་རྒྱ་ནག་ཧྲན་ཞིས་ཞིང་ཆེན་དུ་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་ཤིག་བྱུང་།ཧྲན་ཞིས་ཞིང་ཆེན་དེ་མཚོ་སྔོན་ཞིང་ཆེན་གྱི་ཤར་ཕྱོགས་སུ་གནས་ཤིང་། བར་དུ་ཀན་སུའུ་ཞིང་ཆེན་དང་ཉིང་ཞ་ཞིང་ཆེན།ཧྲའན་ཞིས་ཞིང་ཆེན་བཅས་ཞིང་ཆེན་གསུམ་གྱིས་ཆོད་པ་ཞིག་རེད།དེ་ཡང་རྒྱའི་སྐད་དུ་ཧྲན་ཞིས(山西)སུ་འབོད་པའི་རྒྱ་ནག་རི་བོ་རྩེ་ལྔ་ཡོད་པ་འདི་དང་གནའ་བོའི་ཐང་གི་རྒྱལ་ས་ཁྲང་ཨན་ཡོད་པའི་ཧྲའན་ཞིས(陕西)་སུ་འབོད་པ་དེ་གཉིས་ཀྱི་མིང་ཅུང་ཟད་འདྲ་བར་བརྟེན་བོད་པ་དག་གིས་ངག་ཏུ་བརྗོད་སྐབས་སྒྲ་གདངས་གཅིག་ཏུ་སྣང་བ་ཤས་ཆེ་ལ།དེ་ལས་ཀྱང་མང་ཤོས་ཤིག་གིས་བསམ་ངོར་ས་ཕྱོགས་དེ་གཉིས་རྒྱ་ནང་ཕྱོགས་སུ་ཡོད་བསམ་པ་ཙམ་མ་གཏོགས་ཞིང་ཆེན་གང་གི་ཁོངས་སུ་གཏོགས་པ་གསལ་པོ་ཞིག་ཤེས་ཀྱིན་མེད།འོན་ཀྱང་རྒྱའི་ཐ་སྙད་ལ་ནི་སྒྲ་གདངས་ལ་ཁྱད་པར་གསལ་བོར་ཡོད་ཕྱིན་དེ་གཉིས་ནོར་ས་གཏན་ནས་མི་འགྲོ་བ་ཞིག་ཡིན་ན་ཡང་།བོད་པ་དག་ལ་དེ་གཉིས་ཐོས་མ་ཐག་ཏུ་གང་ཞིག་ཡིན་སྙམ་པའི་སྣང་བ་ཞིག་རྒྱུན་དུ་སྐྱེས་ཀྱིན་ཡོད།དེའི་རྐྱེན་གྱིས་སྐབས་ལ་ལར་མི་རྣམས་ཀྱིས་ཁ་ཇེ་གསལ་དུ་བཏང་སྟེ་ཞིང་ཆེན་འདི་ལ་རི་བོའི་མིང་ཅན་གྱི་ཧྲན་ཞིས་ཞེས་འབོད་ཀྱིན་མཆིས།དེ་ནི་ཕལ་ཆེར་སྐད་གདངས་ལ་དབྱེ་འབྱེད་ཁག་པོ་བྱུང་སྐབས་སྟབས་བདེའི་གོ་བརྡ་སྤྲོད་ཐུབ་ཞིག་ཀྱང་རེད།ང་ཚོ་གནའ་མཁར་ཟི་ལིང་ནས་མེ་འཁོར་ལ་བསྡད་དེ་ཆུ་ཚོད་བཅོ་ལྔ་ལྷག་བརྒྱུད་མཐར་ས་ཆ་དེའི་ལྟེ་བར་གྱུར་པའི་ཐེ་ཡོན་མཁར(太原)ལ་ཐོན་ཞིང་།དེར་ཐོན་དུས་ཞོགས་པའི་དུས་ཚོད་ལྔ་ཡས་མས་ཤིག་སྟེ་ནམ་ཟླ་ཡང་ཟི་ལིང་དང་བསྡུར་ན་ཅུང་འཁྱག་པའི་སྣང་བ་སྟེར།

ཧྲན་ཞིས་ནི་སྔོན་རྒྱ་ནག་གི་ལོ་རྒྱུས་སྟེང་དུ་རྒྱལ་ཕྲན་ཅིན་མིང་ཅན་གྱིས་སྟོབས་ཀྱིས་ཁ་ལོ་བསྒྱུར་ས་ཡིན་པས་ད་སྐབས་ཧྲན་ཞིས་ཀྱི་བསྡུས་མིང་ལའང་ཅིན(晋)ཞེས་པར་འབོད།ཧྲན་ཞིས་པ་རྣམས་ཀྱིས་ཀྲུང་ཧྭའི་མེས་པོ་ས་ཆ་འདི་ནས་ཕྱོགས་སོ་སོར་ཆད་པ་ཡིན་ཞེས་གཏམ་རྒྱུད་ངོ་མཚར་བ་མགྲིན་པ་གཟེངས་སུ་བསྟད་ནས་བསྟོད་མོད།ཡིན་ཡང་ལོ་རྒྱུས་ཡིག་ཚངས་སོགས་ལ་བལྟས་ན་ཀྲུང་ཧྭའི་མི་རིགས་ཐམས་ཅད་ནི་གནས་འདི་ནས་ཆད་པ་ཞིག་མིན་པར་རྟོགས་ལ།འདི་ནས་ཆད་པར་གྲགས་པའི་མི་རྒྱུད་དག་ཀྱང་འཐབ་འཁྲུག་དང་མུ་གེ་སོགས་རྐྱེན་དུ་མའི་དབང་གིས་གཞི་རྒྱ་ཆེ་བའི་མི་འབོར་ཕྱི་གྱར་བྱས་པ་ཡིན་ཤས་ཆེ།ཧྲན་ཞིས་ཀྱི་ཕྱོགས་འདི་ན་གནས་རྙིང་གྲགས་ཅན་མང་པོ་ཞིག་འདུག་ཀྱང་།ང་ཚོ་སློབ་སྦྱོང་གི་དུས་ཡུན་ཐུང་ཞིང་དེའི་ཁར་བྱ་བར་བྲེལ་འཚུབ་ཆེ་བའི་དབང་གིས་ཡུལ་ལྗོངས་རེ་རེར་ཉུལ་བའི་གོ་སྐབས་མ་ལྡན། ཡིན་ཡང་ཐེངས་འདིར་ལས་རིགས་གཅིག་པའི་མི་མང་པོ་ཞིག་དང་ལྷན་ཏུ་རྒྱ་ནག་རི་བོ་རྩེ་ལྔ་ཞེས་པའི་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གདན་སར་གྲགས་པ་འདི་ལ་མཇལ་བའི་སྐལ་བ་ལྡན།ཧྲན་ཞིས་ས་ཆ་འདིར་ཡོང་ན་རི་བོ་རྩེ་ལྔ་ནི་ངེས་པར་དུ་འགྲོ་དགོས་པའི་གནས་ཤིག་སྟེ།དེ་ཡང་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་རི་བོ་དྭངས་བསིལ་གྱི་དཀར་ཆག་ལས།“དེ་ཡང་འཛམ་བུ་གླིང་འདི་ན་བྱིན་རླབས་ཅན་གྱི་གནས་ཁྱད་པར་དུ་འཕགས་པ་ལྔ་ཡོད་པར་གྲགས་ཏེ། དབུས་ན་རྒྱ་གར་རྡོ་རྗེ་གདན། ཤར་ན་རྒྱ་ནག་རི་བོ་རྩེ་ལྔ། ལྷོ་ན་རི་བོ་པོ་ཏ་ལ། ནུབ་ན་མཁའ་འགྲོའི་གནས་ཨོ་ཊི་ཡ་ན། བྱང་ན་རིགས་ལྡན་གྱི་གནས་ཤམྦྷ་ལ་རྣམས་སོ། །བྱེ་བྲག་ཏུ་མ་ཧཱ་ཙི་ནར་གྲགས་པའི་རྒྱ་ནག་གི་རྒྱལ་ཁམས་འདིར་བྱིན་རླབས་ཅན་གྱི་རི་ཆེན་བཞི།རི་གཉན་ཆེན་པོ་ལྔ།ཆུ་ཀླུང་ཆེན་པོ་རྣམས་སུ་ཡོད་པ་ལས་དང་པོ་བཞི་འཕགས་པ་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔའམ་རི་བོ་དྭངས་བསིལ།五台山(山西)འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རི་བོ་པོ་ཏ་ལའམ་གྲུ་འཛིན།普陀山(浙江)འཕགས་པ་ཀུན་ཏུ་བཟང་པོའི་གནས་ཨེ་མི་ཤན་དུ་གྲགས་པ་རི་བོ་གླང་ཆེན།峨嵋山(四川)འཕགས་པ་སའི་སྙིང་པོའི་གནས་ཅིའུ་བཧའ་ཤན་九华山(安徽)ཏེ་བཞི་ཡིན་ལ། འདིའི་ནང་ནས་འཕགས་པ་འཇམ་དཔལ་གྱི་གནས་རི་བོ་རྩེ་ལྔ་འདི་ནི། བཅོམ་ལྡན་འདས་ཀྱིས་མདོ་རྒྱུད་དུ་མ་ནས་གསལ་བར་ལུང་བསྟན་ཅིང༌།འཕགས་ཡུལ་རྒྱ་ནག་ཧོར་བོད་ཀྱི་མཁས་པ་དང་གྲུབ་པའི་སྐྱེ་བོ་ཚད་ལྡན་གྲགས་ཆེ་བ་ཟམ་མ་ཆད་པར་བྱོན་ནས་སྒྲུབ་པ་མཛད་ཅིང་འཕགས་པའི་ཞལ་གཟིགས་པ་སོགས་ཀྱི་གཏམ་རྒྱུད་མང་བ་དང༌།གནས་ཆེན་འགའ་ཞིག་ལ་འདྲ་མིན་གཉིས་རེ་ཙམ་ཡང་ཡོད་པར་སྣང་ནའང་རི་བོ་རྩེ་ལྔ་འདི་ནི་ད་ལྟ་ཡོངས་སུ་གྲགས་པ་འདི་ཉིད་ལུང་གིས་ཟིན་པ་དངོས་ཡིན་པ་ལ་མཁས་བླུན་སུས་ཀྱང་དོགས་གནས་སུ་འཛིན་པ་མེད་པས་རྩོད་མེད་ཀྱི་གནས་བྱིན་རླབས་ཅན་དུ་ངེས་པ་རྙེད་པར་སྣང་ངོ་”ཞེས་གསུངས་པ་ནང་བཞིན་མི་ཚེ་འདིར་ཅིས་ཀྱང་ལན་ཅིག་མཇལ་དགོས་པའི་གནས་མཆོག་ཅིག་གོ།

ང་ཚོ་ཉིན་བཅུ་ཙམ་ལ་ཧྲན་ཞིས་ཡུས་ཚི་གྲོང་ཁྱེར་༼   榆次市 ༽དུ་ཡོད་པའི་ཧྲན་ཞིས་སྨྱན་བྱད་སློབ་གླིང་དུ་བསྡད་ནས་སློབ་སྦྱོང་བྱས་པ་ཡིན་ལ། སློབ་སྦྱོང་བྱས་ཚར་རྗེས་ང་ཚོ་ལས་གྲོགས་སྐོར་ཞིག་གྲོས་ཁ་གཅིག་ཏུ་བབས་ཏེ་རི་བོར་རྩེ་ལྔ་ལ་འགྲོ་རྒྱུར་སེམས་ཐག་བཅད་དེ་ཕྱི་ཉིན་སྔ་མོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་འགྲུལ་སྐྱེལ་རླངས་འཁོར་ལ་བསྡད་དེ་རི་བོ་རྩེ་ལྔའི་ཕྱོགས་སུ་བསྐྱོད། ཧྲན་ཞིས་ས་ཆ་འདི་ནི་མཚོ་སྔོན་གྱི་ཤར་ཕྱོགས་སུ་གནས་པས་ཉིན་ཐུང་ལ་ནུབ་རིང་བ་ཞིག་སྟེ། ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་སྔ་གཞུག་ཏུ་ས་རུབ་ཅིང་དགོང་མོའི་དུས་ཚོད་དྲུག་ལྷག་ཙམ་ནས་ནམ་ལངས་འགྲོ་བ་ཞིག་རེད།དགོང་མོར་ལམ་འགྲམ་མ་གཏོགས་གྲོང་ཁྱེར་གྱི་གཡས་གཡོན་ཐམས་ཅད་ནག་འཐོམ་འཐོམ་དུ་བྱེད།ནམ་ཟླ་དགུན་གཞུང་ལ་འཁེལ་བའི་དབང་གིས་སམ་ཡང་ན་ས་སེར་མཐོ་སྒང་དུ་གནས་པ་ཡིན་ནམ་གང་ལྟར་གྲོང་ཁྱེར་འདིའི་དགུན་དུས་ཀྱི་རྣམ་པ་ཅུང་སྡུག་ཤོས་སུ་མངོན།སྲང་ལམ་གཅིག་གི་མགོ་མཇུག་བར་གསུམ་དུ་ཟ་ཁང་དང་ཚོང་ཁང་མང་པོ་ཞིག་ཀྱང་མེད་པས།སྒོ་ཕྱི་ལ་ཟ་མ་ཟ་བར་འགྲོ་ནའང་རླངས་འཁོར་ལ་བསྡད་དེ་མ་སོང་ན་མི་ཐོན་པའི་ཚོད་རེད།དེའི་ཁར་རྒྱ་ལམ་གཡས་གཡོན་ཀུན་ཏུ་མི་ཚོགས་གཤར་ནས་རྒྱུ་བའི་རྣམ་པ་ཡང་གྲོང་ཁྱེར་འདི་རུ་མཐོང་རྒྱུ་མི་འདུག།ང་ཚོ་བསྡད་པའི་ས་ཆ་འདི་རུ་སློབ་ཆེན་མང་པོ་ཞིག་ཕྱོགས་གཅིག་ཏུ་ཆགས་ཡོད་སྟབས་ཉིན་གང་པོར་མིག་ལམ་དུ་སྣང་འོངས་པ་ནི་སློབ་གྲྭའི་སློབ་མ་ཁོ་ན་རེད། དགོང་མོ་སྨག་ནག་པས་ཕྱོགས་བཞིའི་རྣམ་པར་ལྟ་འདོད་ཀྱི་འདུན་པ་ཡང་ཡོངས་སུ་བཅག་ནས་ང་ཚོ་ཚང་མར་སྔ་གཞུག་ཏུ་གཉིད་སྟུག་པོ་ཞིག་འབབ་བཞིན་འདུག སྐྱ་རེངས་གསལ་ཐག་ཆོད་དུས་ང་ཚོ་གཞི་ནས་རི་བོ་རྩེ་ལྔའི་མིང་བྱང་བཀལ་བའི་རི་འདབས་ཀྱི་ཟ་ཁང་ཞིག་ཏུ་སླེབས།དེ་ནས་ནངས་ཇ་སྟབས་བདེ་ཞིག་འཐུང་རྗེས་མུ་མཐུད་དུ་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་བཞི་ཙམ་གྱི་ས་ན་ཡོད་པའི་རི་བོ་རྩེ་ལྔའི་ཕྱོགས་སུ་མཆིས། གྲོང་རྡལ་ཆུང་ཆུང་ཞིག་བརྒྱུད་ནས་ཅུང་ཙམ་སོང་བ་ན་རི་བོ་རྩེ་ལྔའི་འདབས་སུ་གནས་པའི་ཡུལ་སྐོར་བའི་འཛིན་བྱང་ཉོ་སའི་ཞབས་ཞུ་ལྟེ་གནས་སུ་སླེབས་ཤིང་གནས་སྐོར་གྱི་པ་སེ་རེར་སྒོར་བརྒྱ་ལྷག་ཙམ་རེད།གལ་ཏེ་སློབ་མ་དང་གསར་འགོད་པ་ལ་སོགས་པའི་དམིགས་བསལ་དཔང་རྟགས་ཡོད་མཁན་ཞིག་ཡིན་ན་རིན་མེད་དུ་སོང་ཆོག་པ་ཡིན་ཞེས་ཞབས་ཞུ་བའི་ངག་ལས་ཐོས་མོད།འོན་ཀྱང་སྐབས་དེར་ང་ཚོ་སུས་ཀྱང་དཔང་རྟགས་ཁྱེར་མེད་པས་མི་ཉོ་ཐབས་མེད་བྱུང་། སྐབས་ལ་ལར་དམིགས་བསལ་གྱི་དཔང་རྟགས་རེ་ཡོད་ན་ཡང་སྒོར་མོ་འགའ་ཤས་གྲོན་ཆུང་བྱེད་ཐུབ་པར་འདུག

timg56X1F2RA.jpg

རི་བོ་རྩེ་ལྔའི་པ་སེ་ཉོ་སའི་འགག་སྒོ་བརྒྱུད་ནས་ཅུང་ཙམ་སོང་ན་རི་བོ་རྩེ་ལྔའི་མཆོད་རྟེན་དཀར་པོ་ཡོད་པའི་དྲུང་དུ་སླེབས་ཅིང་ལྟད་མོ་བའང་གང་སར་རྒྱུ་བ་མཐོང་།ཡིན་ཡང་ནམ་ཟླ་དགུན་དུས་ལ་འཁེལ་བས་ཡུལ་སྐོར་བའང་ལྟོས་འཇོག་གིས་ཉུང་སྣང་སྟེར།མཆོད་རྟེན་དཀར་པོ་དེ་གནའ་བོའི་རྒྱ་གར་གྱི་བུམ་པའི་གཟུགས་ཀྱི་མཆོད་རྟེན་དག་དང་འདྲ་བར་བཞེངས་འདུག་ཅིང་གམ་དུ་བཅར་ན་རྡོ་ཀ་མ་རུས་བཞེངས་པའི་བཟོ་རྩལ་དེ་ཧ་ལས་པ་ཞིག་རེད།ང་ཚོར་འབྲེལ་ཡོད་རྒྱུ་ཆ་དང་རྒྱུས་ཡོད་མི་སྣ་གང་གིས་ཀྱང་སྣེ་ཁྲིད་མེད་པས་མཆོད་རྟེན་གྱི་ལོ་རྒྱུས་ནི་གསལ་པོར་མ་ཤེས།མཆོད་རྟེན་དེའི་མཐའ་རུ་བོད་ཀྱི་མ་ཎི་འཁོར་ལོས་བསྐོར་འདུག་པ་ཞིག་རེད།འདུ་ཁང་ནང་གི་སྟོན་པའི་སྐུ་དང་འཇམ་དབྱངས་ཀྱི་སྐུ་རྟེན་སོ་སོར་མཇལ་ཐུབ་པ་བྱུང་ཞིང་།གཞན་ཡང་ར་སྐོར་དེའི་ནང་དུ་རྡོ་རིང་དུ་མ་ཞིག་ཀྱང་འདུག་མོད་མང་ཤོས་ཡིག་འབྲུ་གསལ་ལ་མི་གསལ་བ་ཞིག་རེད།མཆོད་རྟེན་གྱི་ལྟག་རྒྱབ་ཏུ་བོད་ཡིག་དང་སོག་ཡིག་སྤེལ་མར་བྲིས་པའི་རྡོ་རིང་ཞིག་བསླངས་འདུག་ལ་བོད་ཡིག་མང་པོ་ཞིག་ནི་གསལ་བོར་ཀློག་ཐུབ་པ་ཞིག་རེད།

微信图片_20190927160451.jpg

ར་སྐོར་གཡས་ཕྱོགས་སུ་བྱམས་པའི་དབུ་སྐྲ་སྙིང་བོར་བྱས་པའི་མཆོད་རྟེན་དཀར་པོ་ཞིག་དང་།ར་སྐོར་དེའི་ཉེ་འགྲམ་དུ་བོད་ཀྱི་བཟོ་སྐྲུན་གྱི་ཁྱད་ཆོས་ལྡན་པའི་ར་སྐོར་ཞིག་འདུག་པ་དང་དེའི་ནང་དུ་དུས་གསུམ་སངས་རྒྱས་དང་རྗེ་ཡབ་སྲས་གསུམ་སོགས་ཀྱི་སྐུ་རྟེན་ལྷ་ཁང་ཞིག་ཀྱང་འདུག་མོད་ཉིན་དེར་སྒོ་རྒྱབ་འདུག་པས་མཇལ་ཐུབ་མ་བྱུང་།དེའི་ལྟག་རྒྱབ་ཏུ་གཙུག་ལག་ཁང་ཞིག་ཀྱང་འདུག ས་དེ་རུ་ཕ་ཡུལ་རྐང་ཚ་ནས་ཡིན་པའི་ཨ་ནེ་ཕྱག་སྐོར་བ་ཞིག་དང་འཕྲད་པའི་ངག་ལས་ས་དེར་ད་དུང་རྒྱལ་བ་ཚངས་དབྱངས་པའི་སྒྲུབ་ཕུག་ཞིག་ཀྱང་ཡོད་པར་ཐོས་པས་མཇལ་འདོད་སྐྱེས་ནས་ཕྱིན།།སྒྲུབ་ཕུག་དེ་བྲག་ངོས་ཤིག་ཏུ་ཆགས་ཡོད་ལ་བྲག་འདབས་སུ་ལྷ་ཁང་ཞིག་ཀྱང་འདུག དེ་རུ་ཕ་ཡུལ་ཀན་ལྷོ་དང་མཚོ་སྔོན་གྱི་ཡིན་པའི་བོད་ཀྱི་གྲྭ་བ་འགའ་ཤས་བསྡད་ནས་དུས་རྒྱུན་མཆོད་འབུལ་བྱེད་ཀྱིན་འདུག་པ་དང་། ཁོང་ཚོས་ང་ཚོ་སྣེ་ལེན་ལེགས་པོ་བྱས་ཤིང་དེ་རུ་རྒྱལ་བ་ཚངས་དབྱངས་པའི་སྒྲུབ་ཕུག་མཇལ་ཞིང་རང་བྱོན་ཆུ་མིག་ཀྱང་འཐུང་བའི་སྐལ་བ་ལྡན་པས་སེམས་ལ་དགའ་བ་ཆེན་པོ་སྐྱེས། དེ་ཡང་ཀུན་མཁྱེན་རོང་སྟོན་ཤེས་བྱ་ཀུན་རིག་གིས་མཛད་པའི་རྒྱ་ནག་རི་བོ་རྩེ་ལྔ་ལ་བསྟོད་པ་ཕུལ་དུ་བྱུང་བའི་སྒྲ་དབྱངས་ལས།“མཁྱེན་རབ་བདག་ཉིད་འཕགས་པ་འཇམ་དཔལ་གྱིས། །ཡོངས་སུ་བརྟེན་པའི་གནས་མཆོག་ཕུལ་བྱུང་བ། །དམ་པ་རྣམས་ཀྱིས་བསྟོད་པའི་གནས་གྱུར་ཅིང་། །གང་དུ་བགྲོད་པ་དེ་ཡང་ཤེས་རབ་ལྡན། །བྱིན་རླབས་སྣ་ཚོགས་འབྱུང་བའི་མཚན་མ་ལྡན། །རབ་ཡངས་མཁའ་ལ་འཇའ་ཚོན་རི་མོ་མཐོང་། །གཟུགས་སོགས་ཕུང་པོ་ལྔ་ནི་རྣམ་དག་པ། །སྐུ་ལྔའི་ཡར་ཤེས་ལྔ་ཡི་བདག་ཉིད་ཅན། །རྩེ་ལྔའི་རི་བོ་མངོན་པར་མཐོ་བ་དང་། །ཕྱོགས་མཚམས་རྣམས་ཀྱི་ལྷ་ཡི་ཁང་བཟང་དག། ཡིད་འོང་རྒྱུ་སྐར་ཕྲེང་སྟར་རབ་བཀྲ་ཞིང་། །གནས་ཀྱི་ཕན་ཡོན་འདོད་པའི་སྐྱེ་བོ་དག།པདྨའི་མཚོ་ལ་ངང་བའི་ཚོགས་ནང་བཞིན། །དད་པའི་སྐྱེ་བོའི་ཡིད་ལ་འཇམ་དབྱངས་ཀྱི། །བྱིན་རླབས་མཚན་མ་དཔག་མེད་འབྱུང་ཞེས་པ”འི་བསྔགས་བརྗོད་གནང་བ་ཡང་འཁྲུལ་བ་མེད་པའི་གཏམ་དུ་སྣང་།

微信图片_20190927155134.jpg

དེའི་རྗེས་སུ་ང་ཚོ་ལྕང་སྐྱ་རོལ་བའི་རྡོ་རྗེའི་རིང་བསྲེལ་མཆོད་རྟེན་ཡོད་སའི་དགོན་པ་ལའང་མཇལ།རྗེ་ཡབ་སྲས་གསུམ་གྱི་སྐུ་གཙོ་བྱས་སྐུ་རྟེན་མང་བོ་ཡང་མཇལ་རྒྱུ་འདུག།འོན་ཀྱང་ཆོས་ཀྱི་འདོན་པ་མང་ཤོས་རྒྱ་ཡིག་གི་ལམ་ནས་འདོན་བཞིན་འདུག་ལ་ར་སྐོར་གྱི་གྱང་ངོས་སུ་བོད་ཀྱི་ལྷ་སྐུ་མང་བོའི་པར་རིས་ཀྱང་འདུག།སྟོན་པའི་སྐུ་རིས་གྱང་ངོས་སུ་བྲིས་ཡོད་པ་དེ་འདྲ་མཆོད་རྟེན་དཀར་པོའི་ས་ནའང་འདུག དུས་ཚོད་དང་ནམ་ཟླའི་དབང་གིས་ང་ཚོ་རི་བོ་རྩེ་ལྔའི་རི་བོ་རེ་རེར་མཇལ་བའི་གོ་སྐབས་མ་ལྡན།ཕྱིར་ལྡོག་ཁར་ང་ཚོ་རྒྱ་གར་རྡོ་རྗེ་གདན་ལྟར་བཞེངས་པའི་ཏཱ་པོ་དགོན་པ་ཞེས་པར་ཡང་མཇལ།དགོན་པ་དེ་ད་དུང་ཡོངས་སུ་བཞེངས་ཚར་མེད་ལ་ཕྱི་ཡི་རྣམ་པ་ནི་ཕལ་ཆེར་བཞེངས་ཚར་འདུག།རྔམ་བརྗིད་ལྡན་པའི་བཟོ་བཀོད་འདི་འདྲ་མཐོང་སྐབས་ཡིད་ལ་དད་པ་འགོག་མེད་ཅིག་ཀྱང་སྐྱེས། དེ་ལྟར་ཉིན་གཅིག་གི་མཇལ་སྐོར་མཇུག་སྒྲིལ་ནས་ང་ཚོ་ཐེ་ཡོན་མཁར་ལ་བསྐྱོད།ཐེ་ཡོན་མཁར་ནི་ཐང་ཡངས་ས་ཞིག་ཏུ་ཆགས་ཡོད་པའི་སྣང་བ་སྟེར།གྲོང་ཁྱེར་འདིར་དགུན་ཁ་གྲང་ངར་ཡང་ཆེ་ལ་ཟས་རིགས་མང་ཤོས་ནི་འབྱར་བག་ཅན་གྱི་རྣམ་པ་ཤས་ཆེ།སྔོན་ནས་ད་ལྟའི་བར་དུ་ས་ཆ་འདི་དེ་འདྲའི་ཕྱུག་པོ་ཞིག་ནི་མིན་ཚོད་འདུག།གང་ལྟར་ང་ལ་མཚོན་ན་ཧྲན་ཞིས་ས་ཆ་འདི་ནི་རྡོ་སོལ་མང་བ་དང་སྐྱུར་ཁུ་ཞིམ་པའི་ས་ཆ་ཞིག་རེད།ཕྱི་ཉིན་དགོང་མོར་ང་ཚོ་གནམ་གྲུར་བསྡད་དེ་ཕྱིར་ལོག་སྐབས་བར་སྣང་ནས་ཐེ་ཡོན་མཁར་གྱི་མཚན་ལྗོངས་ཡག་པོ་ཞིག་ཀྱང་མཐོང་ཐུབ་སོང་།

微信图片_20190927160536.jpg

༢༠༡༦/༡༡/༢༨/

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།