ཀྲུང་གོ་བོད་ཀྱི་དྲ་བ།

གནས་མཇལ་སྐབས་ཀྱི་རེག་ཟིན་ཉུང་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གདོང་རིགས།   སྤེལ་དུས། : 2022-07-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཉིན་དང་པོའི་གནས་མཇལ་རེག་ཟིན།

མཎྡལ་མགྲོན་ཁང་ནས་དུས་ཚོད་ལྔ་པའི་སྟེང་ཡར་ལངས་པ་ཡིན། མལ་ས་དྲོ་ཞིང་འཇམ།  གཉིད་ཀྱི་ཕུན་ཚོགས་ལ་སླར་ཡང་ཁྲེང་ཞེན་གྱི་མདའ་མོ་དབང་མེད་དུ་ཤོར་ཀྱང་། དུས་ཚོད་ཀྱི་སྐྱ་རེངས་ནི་གནམ་མཐའ་ནས་དལ་གྱིས་མགུལ་བཞིན་འདུག གྲོགས་པོ་དང་ངེད་གཉིས་ཀྱིས་ཀྱང་ངོ་གདོང་སྟབས་བདེ་ཞིག་བཀྲུས་ནས་གཞི་མདོ་རུ་གླ་གཏོང་བསྒུག་དུ་སོང་བ་ཡིན། ཡུད་ཙམ་གྱིས་མིག་ལམ་དུ་གླ་འཁོར་སྔོ་རིལ་ཞིག་བསྡད་བྱུང་། ངས་གླ་གཏོང་པ་ལ་ཁྲིའུ་ཏུའི་ཤར་ཚིགས་སུ་འགྲོ་ཟེར་བ་ཡིན། མཁའ་དབྱིངས་སུ་བྱ་འཕུར་བ་ལྟར་སྐད་ཅིག་གིས་མེ་འཁོར་ས་ཚིགས་དེར་འབྱོར།  དུས་ཚོད་ཕྱེད་ཙམ་བསྒུག་རྗེས་ཞབས་ཞུ་པས་མེ་འཁོར་འཛིན་ཡིག་བསྡུ་ནས་མེ་འཁོར་དུ་རིམ་བཞིན་ཞུགས་དུ་བཅུག  དུས་ཚོད6.:30སྟེང་མེ་འཁོར་འགྲོ་འགོ་རྩོམ།  སྐར༢༠སོང་རྗེས双流机场ཧྲིམ་ལུའུ་ཅིང་ཁྲམ་ཞེས་པའི་ས་ཚིགས་དེར་སླེབས། དེར་ཕར་འགྲོ་ཚུར་འོང་གི་མགྲོན་པོ་ཧ་ཅང་མང་པོ་འདུག  ས་ཚིགས་རྗེས་མ东山ཏུའུ་ཧྲན་རེད། དེར་རུ་ཡང་མགྲོན་པོའི་འཚང་ཁ་རབ་ཏུ་རྒོད་ཅིང་། འུར་ཟིང་ཆེ་བའི་ས་ཚིགས་ཞིག་རེད། དེ་ནས峨眉ཨོ་མེ་ཞེས་པ་དེ་རེད། ས་ཚིགས་དེར་མེ་འཁོར་ནང་གི་མགྲོན་པོ་མང་ཤོས་བབས་སོང་། ངེད་གཉིས་དང་གཞན་མགྲོན་པོ་ཁ་ཤས་ལས་མི་འདུག  ཡིད་མ་བདེ་ནས། ཞབས་ཞུ་པ་ལ་འདིར峨眉山ཨོ་མེ་ཧྲན་ཞེས་པའི་ས་ཚིགས་དེ་མིན་ནམ་ཞེས་དྲིས་པ་ཡིན། ད་རུང་ས་ཚིགས་གཅིག་ཡོད་རེད་ཅེས་ལན་བཏབ་བྱུང་།  ས་ཚིགས་རྗེས་མར་བདེ་བླག་ངང་འབྱོར་རྗེས་འབུད་སྒོ་འཚོལ་ནས་ཕྱིར་རུ་སོང་བ་ཡིན། ལམ་འགྲམ་དུ། མགུལ་དུ་ཕྲེང་རིང་ཐོགས་ཤིང་། ལག་ཏུ་ཕྲེང་ཐུང་རེ་བསྣམས་པའི་ལོ་ཚོད་ཧ་ཅང་མི་མཐོ་ལ་མི་ཆུང་བའི་རྒྱ་མི་སྐོར་ཞིག་གིས峨眉山ཨོ་མེ་ཧྲན་གྱི་ས་ཆའི་ཆགས་དབྱིབས་དང་། ཐོག་དང་པོའི་བགྲོད་ལམ་སོགས་གསལ་བཤད་བྱེད་ཅིང་། དང་པོ万年寺ཁྲི་ལོ་དགོན་པ་མཇལ་སྐོར་དུ་འགྲོ་དགོས་རབས་བཤད་བྱུང་།  ངས་དང་པོ报国寺དྲིན་འཇལ་དགོན་པ་མཇལ་དུ་འགྲོ་ཡིན་ཅེས་བཤད་པ་ཡིན། དེས་ན་ཁོ་ཚོས་ཀྱང་ང་ལ་ཨུ་ཚུགས་མ་བྱས།  ས་ཚིགས་དེ་ནས报国寺དྲིན་འཇལ་དགོན་པ་ཞེས་པའི་བར་གླ་གཏོང་དུ་བསྡད་པ་ཡིན།  མ་གཞི་སྤྱི་འཁོར་དུ་བསྡད་ན་སྒོར༢ཡིན་ཡང་། བྲེལ་ཚུབ་ཆེ་བ་དང་། བསྒུག་ཡུན་རིང་བས་གླ་གཏོང་པ་ལ་སྒོར༡༥སྟེར་ནས་སོང་བ་ཡིན།

དུས་ཚོད༨:༣༠ཐོག报国寺དྲིན་འཇལ་དགོན་པ་ཞེས་པའི་མདུན་དུ་བསླེབས། དགོན་པ་དེའི་ལོ་རྒྱུས་ཤེས་འདོད་ཆེན་པོ་ཡོད་པས། སྒོ་དྲུང་དུ་རྒྱ་བླ་མ་ཞིག་འདུག དེ་ལ་དགོན་པ་འདི་ཐོག་མར་སློབ་དཔོན་སུས་ཕྱག་འདེབས་པ་རེད་ཅེས་དྲིས་པ་ཡིན། ཚིག་གསལ་ལ་མི་གསལ་བས་ལོ་ངོ་མང་པོ་ཞིག་གི་ཡར་སྔོན་ན་འདིའི་མིང་ལ会宗堂ཆོས་ཚོགས་ཁང་ཞེས་འབོད། དེའི་རྗེས་ཁང་ཞིའུ་དུས་སྐབས་སུ་འདི་ལ报国寺དྲིན་འཇལ་དགོན་པ་ཞེས་མིང་བསྒྱུར་བ་རེད་བཤད་པ་ལས། སློབ་དཔོན་སུ་ཞིག་ཕྱག་འདེབས་པ་དང་ལོ་རྒྱུས་ཀྱི་འཕེལ་རིམ་སོགས་གང་ཡང་བཤད་མ་སོང་། ཕར་བལྟས་ན་ཕལ་ཆེར་ཁོས་ཀྱང་མི་ཤེས་པ་འདྲ།  དགོན་པ་འདི་ལ་ལྷ་ཁང་མི་འདྲ་བ་བཞི་ཙམ་འདུག དང་པོ弥靿殿བྱམས་པའི་ལྷ་ཁང་རེད་འདུག རྟེན་གྱི་གཙོ་བོ། བྱམས་པའི་འཇིམ་སྐུ་ཆེན་པོ་སོགས་འདུག  དེའི་རྒྱབ་གཏད་དུ韦驮天རྦུད་ཐཱོ་ཐེན་ཞེས་པའི་སྲུང་མ་ཞིག་གི་སྐུ་བརྙན་འདུག དད་ལྡན་མང་པོའི་སྤོས་བསྒྲོན་པ་དང་། ཕྱག་འཚལ་བཞིན་འདུག ངེད་གཉིས་ཀྱིས་ཀྱང་བྱམས་པའི་སྐུ་མདུན་དུ་ཕྱག་འཚལ་ནས་གཡས་བསྐོར་བརྒྱབ་པ་ཡིན། དེའི་རྒྱབ་ལོགས་སུ་རྡོ་ཐེམ་ཞིག་འདུག གོམ་པ་བརྒྱབ་ནས་ཡར་ཅུང་ཙམ་འཛེག་དུས་ལྷ་ཁང་གཉིས་པ大雄实殿སངས་རྒྱས་ཀྱི་ལྷ་ཁང་དེར་སླེབས། 

དེའི་སྒོ་དྲུང་ཀྱང་རྒྱ་བླ་མ་ཞིག་འདུག དེ་ལ་ཡང་དགོན་པ་འདི་ཕྱག་འདེབས་པའི་སློབ་དཔོན་སུ་ཡིན་དང་། འདི་ལ་གནས་ཡིག་འདྲ་ཡོད་དམ་ཞེས་དྲིས་པ་ཡིན། ཁོས་བཤད་རྒྱུར། དགོན་པ་འདི་ལ་དམིགས་གསལ་ཕྱག་འདེབས་པའི་སློབ་དཔོན་ཞིག་ཡོད་པ་མ་རེད། སྔར་ནས་ཏའོ་ལུགས་དང་རུའུ་ལུགས་སངས་རྒྱས་ཆོས་ལུགས་གསུམ་གྱི་ཆོས་པ་དག་འདུས་ནས་བཏབ་པ་རེད་ཅེས་དང་། འདྲི་རྩད་ཁང་དུ་གནས་ཡིག་རགས་བསྡུས་ཞིག་ཡོད་ཀྱང་། ད་སྐབས་འདྲི་རྩད་ཁང་སྒོ་གཏན་ཡོད་ཅེས་བཤད་བྱུང་། ལྷ་ཁང་དེར་རྟེན་གྱི་གཙོ་བོ། པད་འདབ་སྟེང་དུ་སངས་རྒྱས་ཀྱི་སྐུ་བརྙན་ཞིག་དང་། དེའི་གཡས་གཡོན་དུ་དགྲ་བཅོམ་བཅོ་བརྒྱད་སོགས་འདུག དེ་དག་མཇལ་ནས་ལྟག་སྒོ་ནས་རྡོ་སྐས་བརྒྱུད་ནས་སོང་བ་ཡིན།  ལྷ་ཁང་གསུམ་པ七佛殿སངས་རྒྱས་རབས་བདུན་པའི་ལྷ་ཁང་དེ་མཇལ་བྱུང་། ལྷ་ཁང་དེར་རྟེན་གྱི་གཙོ་བོ། སངས་རྒྱས་རབས་བདུན་པ་སྟེ། རྣམ་པར་གཟིགས་དང་། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག གསེར་ཐུབ། འོད་སྲུང་། ཤྭཀྱ་ཐུབ་པ་སྟེ་བདུན་འདུག  ཡང་སྔར་བཞིན་ལྟག་སྒོ་བརྒྱུད་ནས་ལྷ་ཁང་བཞི་པ普贤殿ཀུན་ཏུ་བཟང་པོའི་ལྷ་ཁང་དེར་སླེབས་སོང་། ལྷ་ཁང་དེར་རྟེན་གྱི་གཙོ་བོ། ཀུན་ཏུ་བཟང་པོ་སོགས་འདུག དེ་དག་མཇལ་ནས་སྨོན་ལམ་བཏབ་རྗེས་འབུད་སྒོ་ཞེས་པའི་རྒྱ་ཡིག་དེ་དེད་ནས་དགོན་པ་དེའི་ཕྱིར་རུ་བུད་པ་ཡིན། 

དེའི་ཉེ་འདབས་ན་གླང་ཆེན་འགྱིང་རིའི་དངོས་མང་གཤམ་སྟོན་ཁང་ཞིག་འདུག བརྩེགས་དང་པོར་འགྱུར་རྡོའི་རིགས་དང་།  རྩི་ཤིང་དང་། བྱ་རིགས་སོགས་ངོ་སྤྲོད་དང་།  བརྩེགས་གཉིས་པར་ནང་བསྟན་གྱི་ལོ་རྒྱུས་དང་། གཞན་ཡང་། སྙན་གྲགས་ཆེ་བའི་རི་མོ་དང་སྙན་ངག་སྐོར་མང་ཙམ་འདུག  ད་རུང་གླང་ཆེན་འགྱིང་རིའི་དགོན་པ་སུམ་བཅུ་ཙམ་གྱི་ལོ་རྒྱུས་འཕེལ་རིམ་སོགས་རགས་ཙམ་ཞིག་བྲིས་ནས་ཁང་ངོས་སུ་དགལ་འདུག དེའི་ནང་དུ། 报国寺དྲིན་འཇལ་དགོན་པའི་ལོ་རྒྱུས་འདི་ལྟར་བྲིས་འདུག  མིང་རྒྱལ་རབས་ཀྱི་གོང་མ万历ཝན་ནིས་དགུང་ལོ་བཞི་བཅུ་ཞེ་གསུམ་པའི་སྐབས་དེར明光道人མུའུ་ཀུའུ་ཏའོ་རིན་ཞེས་པའི་མིས་གསར་དུ་བཞེངས་པ་རེད་ཅེས་བཤད་འདུག དེའི་སྐབས་སུ་དགོན་པ་འདི་མིང་ལ། 会宗堂འམ་ཆོས་ཚོགས་ཁང་ཞེས་འབོད། ཆིང་རྒྱལ་རབས་སྐབས闻达和尚བཙུན་པ་འུན་ཏཱ་ཞེས་པས་བསྐྱར་གསོ་བྱེད་པ་དང་། གོང་མ་ཁང་ཞིས་དགུང་གྲངས་བཞི་བཅུ་ཞེ་གཉིས་སྐབས报国寺་དྲིན་འཇལ་དགོན་པ་ཞེས་མིང་བཏགས་པ་རེད་ཅེས་བཤད་འདུག གཤམ་སྟོན་ཁང་བརྩེགས་གོང་འོག་ཚང་མར་བལྟས་རྗེས་ཕྱིར་རུ་བུད་པ་ཡིན།  སྒོ་དྲུང་ནས་གསེད་ལམ་ཞིག་འདུག དེའི་ལམ་དེ་བརྒྱུད་ནས་སོང་ན伏虎寺རྒྱ་སྟག་ཚང་ཉལ་དགོན་པར་སླེབས་འདུག   ང་ནི་ཚ་ངད་ཀྱིས་རབ་ཏུ་གདུང་ཞིང་། ངོ་གདོང་ནས་རྡུལ་ནག་ཞམ་ཞམ་དུ་འཕྱུར་བཞིན་འདུག གྲོགས་པོའི་བཤད་རྒྱུ་སྔོན་ཆད་རྒྱ་གར་དུ་བོད་མི་མང་ཙམ་སོང་ཡང་། ས་ཆུ་དང་གནམ་གཤིས་ཀྱི་དྲོ་གྲང་མ་འཕྲོད་ནས་ལ་ལ་ནི་ཕྱིར་ལོག་པ་དང་། ལ་ལ་སྐུ་སྲོག་ཤོར་བ་རེད། དེའི་ཚོའི་མཛད་སྤྱོད་ནི་ཇི་འདྲའི་ཡི་རངས་ཨང་ཟེར། ཁོས་ངོ་གདོང་ནས་རྔུལ་ནག་ཁྲོམ་ཁྲོམ་ཐོན་ཞིང་། དབུགས་ཀྱང་ཕྱིར་རུ་གཏོང་ཐུབ་ཀྱིན་མི་འདུག འོན་ཀྱང་འཁོར་ཡུག་གི་མཛེས་ལྗོངས་ནི་ཧ་ཅང་ཕུན་སུམ་ཚོགས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་རེད། ལམ་གཡས་གཡོན་དུ་མཐོ་ཞིང་ཆེ་བའི་གནའ་བོའི་སྡོང་པོ་ཕལ་ཆེར་མི་རབས་ལྔ་དྲུག་གི་ཡས་མས་ན་བཙུགས་པ་འདྲ་བ་དག་འདུག ཡར་བལྟས་ན་རྩེ་མོ་དགུང་དུ་ཟུག་པ་ལྟར་སྣང་། ལོ་འདབ་གསེབ་ནས་ཉི་འོད་ཀྱི་ཟེར་མ་དག་འོད་ཆེམ་ཆེམ་འཁྱུག་ཅིང་། རྩི་ཤིང་འདྲ་མིན་གྱི་ཚང་ཚིང་འཁྲིགས་པ་དང་། བྱ་རིགས་སྣ་ཚོགས་ཀྱིས་སྙན་པའི་གྲེ་འགྱུར་ངོམ་བཞིན་འདུག ལུང་པ་དེར་ཚ་ངད་ཀྱིས་གདུང་བའི་གཞོན་ནུ་མང་པོ་ཚོམ་དང་ཚོམ་བུ་བྱས་ནས་ལུང་ཤུར་དེའི་ཆུ་ཡི་རེག་བྱ་ལ་ལོངས་སུ་སྤྱོད་བཞིན་པ་དང་། བགྲེས་པོ་ཁ་ཤས་སྡོང་རྒན་གྱི་འཁྲིས་སུ་བཅར་ནས་ཆུབ་རྐུབ་རེ་ལག་ཏུ་ཐོགས་ནས་བསིལ་གྲིབ་ལ་ལོངས་སུ་སྤྱོད་བཞིན་འདུག ངེད་གཉིས་མུ་མཐུད་ནས་དགོན་པ་དེར་མཇལ་དུ་སོང་བ་ཡིན། ཡུད་ཙམ་གྱིས伏虎寺རྒྱ་སྟག་ཚང་ཉལ་དགོན་པ་དེར་སླེབས། དགོན་པ་འདི་ནི་སུང་རྒྱལ་རབས་སྐབས་བཙུན་པ་སྐྱའུ་ཡོའུ་ཞེས་པས་གསར་དུ་བཞེངས་ཤིང་། སྐབས་དེར་འབྲུག་ལྷ་དགོན་པ་ཞེས་གསོལ། རྗེས་སུ་རྒྱ་སྟག་ཚང་ཉལ་ལྷ་ཁང་ཞེས་འདོགས་པ་རེད།   ཅིའི་ཕྱིར་དགོན་འདི་ལ伏虎寺རྒྱ་སྟག་ཚང་ཉལ་ལྷ་ཁང་ཞེས་མིང་འདོགས་ཞེ་ན། འདི་ལ་བཤད་ཡམས་ཁ་ཤས་འདུག  དགོན་པ་དེའི་ཉེ་འཁོར་ན་རྒྱ་སྟག་གིས་གནས་མཇལ་བ་ཚོར་འཚེ་བ་བྱེད་པས士性和尚 བཙུན་པ་ཧྲི་སྐྱིན་གྱིས་གཟུངས་སྔགས་ཀྱི་རྒྱལ་མཚན་ལ་བརྟེན་ནས་གནོད་པ་དེ་བཟློག་པས་དགོན་འདིའི་མིང་ལ་སྟག་འདུལ་དགོན་པ་ཞེས་འདོགས་པ་དང་། བདེན་ཤོས་ནི་དགོན་དེའི་རྒྱབ་ཕྱོགས་ཀྱི་གནས་རིའི་ས་དབྱིབས་རྒྱ་སྟག་ཚང་ལ་ཉལ་བ་དང་འདྲ་བས་རྒྱ་སྟག་ཚང་ཉལ་དགོན་ཞེས་བཏགས་པ་དེ་ཡིན་པ་འདྲའོ།། རྗེས་སུ་བཙུན་མའི་དགོན་པ་ཞིག་ཏུ་གྱུར། ད་སྐབས་ཀྱང་སྒོ་དྲུང་དུ་བཙུན་མ་ཁ་ཤས་བསྡད་འདུག

རྟེན་གྱི་གཙོ་བོ། ལྷ་ཁང་དང་པོ་བྱམས་པའི་ལྷ་ཁང་རེད། དེའི་ནང་བྱམས་པའི་འཇིམ་སྐུ་ཆེན་པོ་ཞིག་དང་། དེའི་གཡས་གཡོན་དུ་རྒྱལ་ཆེན་རིགས་བཞིའི་སྐུ་བརྙན་དང་།  བྱམས་པའི་འཇིམ་སྐུའི་རྒྱབ་གཏད་དུ韦陀རྦེད་ཐོ་ཞེས་པའི་སྲུང་མ་ཞིག་གི་འཇིམ་སྐུ་བཅས་དང་། ལྷ་ཁང་གཉིས་པ་ཀུན་ཏུ་བཟང་པོའི་ལྷ་ཁང་། དེའི་ནང་ཀུན་ཏུ་བཟང་པོའི་འཇིམ་སྐུ་དང་། འོད་དཔག་མེད་ཀྱི་སྐུ་བཅས་འདུག། ལྷ་ཁང་གསུམ་པ་སངས་རྒྱས་ཀྱི་ལྷ་ཁང་། དེའི་ནང་ཆོས་ལོངས་སྤྲུལ་གསུམ་དང་། འཇམ་པའི་དབྱངས་དང་། དགྲ་བཅོམ་བཅོ་བརྒྱད་དང་དགྲ་བཅོམ་ལྔ་བརྒྱ་སོགས་ཀྱི་སྐུ་བརྙན་བཅས་བཞུགས་སོ།།              

༢.jpg   

ཉིན་གཉིས་པའི་གནས་མཇལ་རེག་ཟིན།

དེ་རིང་ཡང་ཞོགས་པའི་དུས་ཚོད་ལྔ་པའི་ཐོག་ཡར་ལངས་པ་ཡིན། ལུས་ལ་ངལ་དུབ་ཀྱིས་མཆེད་འདུག ལུས་ཁྲུས་སྟབས་བདེ་ཞིག་རྒྱབ་ནས་ངེད་གཉིས་ནངས་ཇ་འཐུང་སར་སོང་། རྗེན་ཐོ་དང་། བྱ་སྒོང་བཙོས་མ། འབྲས་ཐང་དཀལ་ཡོལ་གང་རེ་འཐུང་བ་ཡིན། ནང་ཇའི་རིན་པ་ནི་སྔར་ནས་ཡུལ་སྐོར་རྒྱ་མི་དད་ལྡན་ཞིག་གིས་སྤྲད་ཚར་འདུག དེ་ནས་རི་རྩེར་འགོས་པའི་རེས་འཁོར་གྱི་འཛིན་ཡིག་ཉོ་རུ་སོང་། འཁོར་གླ་དང་སྒོ་འཛིན་གཉིས་ཀྱི་རིན་པ་མཉམ་དུ་རྩི་བཞིན་འདུག  清音平湖ཆིན་ཡུན་ཕིང་ཧུའུ་ཞེས་པའི་ཆ་ས་ནས་རི་རྩེའི་འོག་གི་འཁོར་ལྷས་ཀྱི་བར་ལེ་དབར་ཁ་ཤས་འགྲོ་དགོས།

རེས་འཁོར་ནང་དུ་བསྡད་ནས་དུས་ཚོད་གཅིག་ཙམ་སོང་རྗེས། རི་རྩེའི་འོག་གི་འཁོར་ལྷས་དེར་བསླེབས་སོང་།  ཡུལ་སྐོར་བ་ཚང་མ་འཁོར་ལྷས་དེར་བབས་དགོས། སྐབས་དེར་རི་རྩེ་དང་རི་སྐེད་རི་ཞོལ་དག་ལ་སྨུག་སྤྲིན་གྱི་ཕུང་པོ་རྒྱ་མཚོའི་རླབས་གཡོ་བ་ལྟར་འཁྲིགས་པས་ཡུལ་གྱི་མཛེས་པ་ཡོངས་སུ་གཏམས་པར་གྱུར་འདུག ཆར་བ་ཡང་ཟམ་མེ་ཟིམ་མེ་བབས་ཤིང་། ལམ་གཡས་གཡོན་གྱི་ལྗོན་པའི་ལོ་འདབ་སྟེང་དུ། ཆར་ཐིགས་ཀྱིས་ལྡེམ་ལྡེམ་ལྕུག་ལྕུག་གི་མཛེས་པའི་བྲོ་གར་ངོམས་བཞིན་འདུག  ཚོང་བདག་ཚོས་ཆར་ལྭ་ཉོས་ཟེར་ནས་ཡུལ་སྐོར་ཚོར་འབོད་བཞིན་འདུག ངེད་གཉིས་ཀྱང་ཆར་ལྭ་རེ་ལ་སྒོར༢༠རེ་སྦྱིན་ནས་རི་རྩེར་འཛེགས་པ་ཡིན།  ལོ་ན་མཐོ་བའི་བགྲེས་པོ་དང་། ལོ་ན་ཆུང་བའི་བྱིས་པ། ད་རུང་གཞོན་ནུ་ཤ་དར་ཁྲག་རྒྱས་སོགས་འཛུབ་གུ་ལྔ་ཡི་རིང་ཐུང་ལྟར་ལུག་ཁྱུ་སྒང་ལ་གཤར་བ་བཞིན་ངོས་གཟར་ལ་ཀྱག་ཀྱོག་ཆེ་བའི་རྡོ་ཐེམ་དེ་བརྒྱུད་ནས་རི་རྩེར་འགྲོ་བཞིན་འདུག  ཅུང་ཙམ་གྱིས接引道ཇེ་ཡུན་ཏབ་ཞེས་པའི་ས་ཚིགས་དེར་བསླེབས།  དེ་ན索道འབྲེང་ལམ་གྱིས་ཡུལ་སྐོར་པ་ཚོ་རི་རྩེར་བསྐྱལ་བཞིན་འདུག འཛིན་ཡིག་ཉོས་ནས་ངེད་གཉིས་དང་གཞན་རྒྱ་མི་བཅུ་ཁར་ལངས་པ་ཞིག་དང་ལྷན་དུ་འབྲེང་ལམ་ལ་བསྡད་ནས་སྐར༡༤ཙམ་སོང་རྗེས་རི་རྩེ་དང་ཉེ་སའི་འདབས་འོག་ཞིག་ཏུ་འབྱོར།།

དེ་ནས་སྔར་བཞིན་གོམ་པ་རྒྱག་ནས་སྐར་ཁ་ཤས་སོང་རྗེས་བརྗིད་ཉམས་ཆེ་བའི་གླང་ཆེན་མཆེ་བ་དྲུག་ལྡན་གྱི་སྟེང་དུ་ཀུན་ཏུ་བཟང་པོའི་གཟུགས་སྐུ་མཐོང་བ་རང་གྲོལ་དེ་མཇལ་བྱུང་། སྔར་བཞིན་ཆར་བ་ཟིམ་ཟིམ་དུ་འབབ་བཞིན་འདུག དད་ལྡན་གནས་མཇལ་བ་ཚོས་ཆར་ལྭ་རེ་གྱོན་ནས་སྤོས་བསྒྲོན་པ་དང་སྨོན་ལམ་བདེབས་བཞིན་འདུག ངེད་གཉིས་སྒོ་ཆེན་ཕར་ལོགས་ན་སྤོས་ཚོང་ཁང་ཞིག་འདུག དེའི་ནང་དུ་སྐར་ཁ་ཤས་ལ་ཆར་གཞའ་བྱས་པ་ཡིན། སྐབས་དེར་དུས་ཚོད༨:༣༠རེད། ཁ་པར་ནང་གནམ་གཤིས་སྔོན་བརྡས་དུས་ཚོད༡༠ཐོག་ཆར་བ་འབབས་མཚམས་ཆད་པར་བཤད་འདུག  ཀུན་ཏུ་བཟང་པོའི་སྐུ་བརྙན་ཆེན་པོ་དེ་གཡས་བསྐོར་བྱས་ནས་ཆེས་མཐོ་བའི་ལྗོངས་རྒྱུའི་སྟེགས་བུའི་སྟེང་དུ་འཛེགས་པ་ཡིན ། གནམ་གཤིས་ཀྱང་ཧ་ཅང་གྲང་། རླུང་བུ་ཤུར་ཤུར་དུ་ལྡང་བཞིན་འདུག སྟེགས་བུའི་སྟེང་ནས་རྒྱང་རིང་དུ་བལྟས་ན་ཕྱོགས་བཞིའི་རི་མགོ་སྨུག་སྤྲིན་གྱིས་གཡོགས་ནས་ཅི་ཡང་མི་མངོན་པར་གྱུར་འདུག ཡུལ་སྐོར་པ་ཚོས་འདྲ་པར་ལེན་བཞིན་འདུག གནམ་གཤིས་སྔོན་བརྡ་ལྟར་ན་ད་རུང་ཆར་བ་འབབས་མཚམས་འཇོག་རྒྱུ་ལ་དུས་ཚོད༡ཙམ་འདུག དེ་ན་རི་རྩེའི་ཐོག་ན华藏寺ཞེས་པའི་དགོན་པ་དེར་མཇལ་དུ་སོང་བ་ཡིན།  དགོན་པ་འདི་ནི་ཐང་སུང་གི་དུས་སྐབས་སུ་མིང་ལ明光相寺མིང་ཀེམ་སྐྱམ་སིའི་ཞེས་འབོད་པར་འདུག མིང་རྒྱལ་རབས་ཀྱི་སྐབས炒峰和尚བཙུན་པ་ཁྲ་ཧྥོང་ཞེས་པས་བསྐྱར་གསོ་བྱས་པ་དང་།  གོང་མ万历དབེན་ནུས་དགུང་གྲངས༣༡སྐབས永明华藏寺ཡུང་མིང་ཧཱ་རྩང་སིའི་ཞེས་མིང་བཏགས་པར་བཤད་འདུག མདུན་ནས་ཡར་མཇལ་ན་སྟོན་པའི་སྐུ་སོགས་དང་།  དེའི་རྒྱབ་གཏད་དུ་རྣམ་པ་བོད་ལུགས་རི་མོ་ལྟར་བྲིས་པའི་ཐང་གཟུགས་སོགས་དང་། སྐུ་འདྲ་ཆེ་ཆུང་སོགས་ཧ་ཅང་མང་པོ་མཇལ་རྒྱུ་འདུག་གོ།

ལྷ་ཁང་དེ་མཇལ་ནས་ཕྱིར་རུ་ཡོང་དུས། གནམ་ཡང་འབབས་མཚམས་བཞག་འདུག  སླར་ཡང་ཆེས་མཐོ་བའི་སྟེགས་བུ་སྟེང་དུ་འགོས་པ་ཡིན། སྔར་གྱི་སྨུག་སྤྲིན་འཐུག་པོ་དག་ཡལ་ནས་མཎྡལ་གྱི་ཏོག་དང་འདྲ་བའི་རི་བོའི་རྩེ་མོ་དག་མཐོང་ལམ་དུ་མངོན་བཞིན་འདུག  སྤྲིན་པ་ལ་ལ་དར་དཀར་སྲབ་མོ་ཞིག་སྐེ་རུ་འདོགས་པ་བཞིན་རི་བོའི་སྐེ་ཉག་དུ་འཐེན་འདུག  ཐད་ཀའི་དབྱིངས་སུ་ཁ་དོག་སྨུག་ཤིག་གེར་ཞིག་གང་སར་ཁྱབ་ཅིང་། ལུང་ཤུར་དང་རི་ཤོད་རྣམས་ཀྱང་སྨུག་ལ་སྔོ་ལྡེམ་ལྡེམ་བྱེད། མཛེས་སྡུག་ལྡན་པའི་ལྷ་ཡུལ་གྱི་ཞིང་གི་བཀོད་པ་ལྟ་བུ་ཞིག་ཏུ་གྱུར། ཡུལ་སྐོར་ཚོའི་རྒྱང་རི་དུ་འཛུམ་མོ་ཀེར་ནས་རང་གི་རྒྱབ་གཟུགས་འདྲ་བརྙན་ལེན་པ་དང་། ན་གཞོན་ཕོ་མོ་ལ་ལས་བརྩེ་བའི་ཆུ་འཛིན་འཁྲིགས་ནས་མཉམ་པར་ལེན་པ་སོགས་བྱེད།  གྲོགས་པོ་དང་ངེད་གཉིས་ཀྱིས་ཀྱང་རང་རང་གི་འདྲ་བརྙན་རེ་ལེན་ནས་རི་རྩེ་ནས་རི་འདབས་བབས་པ་ཡིན།  རི་རྩེ་ནས太子坪རྒྱལ་སྲང་ཐང་ཞེས་པའི་དགོན་པའི་བར་ལེ་དབར༦ཙམ་འདུག ལམ་བར་ན་ཡར་འགྲོ་མར་འོང་གི་གནས་མཇལ་བ་ཧ་ཅང་མང་པོ་འདུག ཕར་བལྟས་ན་ལོ་ཚོད༧༠ཁར་སོན་པའི་རྒན་ཁོག་དད་ལྡན་རྒྱ་མི་དག་ཀྱང་ལམ་འཕྲང་གཟར་མོ་དེ་བརྒྱུད་ནས་རྐང་ཐང་དུ་མར་བབས་བཞིན་འདུག  ཆར་བ་ཡང་ཟམ་མེ་ཟིམ་མེ་རེ་སླར་ཡང་འཐོར་བྱུང་། ཡུད་ཙམ་གྱིས太子坪རྒྱལ་སྲས་ཐང་ཞེས་པའི་དགོན་པ་དེར་སླེབས།   དགོན་པ་འདི་མིང་རྒྱལ་རབས་ཝེན་ནིས་སྐབས古智和尚བཙུན་པ་གུག་ཀྲི་ཞེས་པས་གསར་དུ་བཞེངས། ཐོག་མའི་དགོན་འདི་ལ万行庵འོན་བྱིན་ཡོན་ཞེས་འབོད། ཆིན་ཧྲིན་ཀྲི་དགུང་ལོ་བཅུའི་སྐབས་བསམ་གཏན་པ་འུན་ཏ་ཞེས་པས་བསྐྱར་གསོ་བྱས་པ་ཡིན་ནོ།།

གཞན་ཡང་བཤད་རྒྱུན་ལ་དགོན་པ་འདིའི་ནང་རྒྱལ་སྲས་ཀྱི་སྐུ་བརྙན་ཞིག་ཡོད་པས་ཕྱིས་སུ་རྒྱལ་སྲས་ཐང་ཞེས་འབོད་པར་བཤད་འདུག་གོ།

དེར་རྟེན་གྱི་གཙོ་བོ་གུ་རུ་ནང་སྲིད་ཟིལ་གནོན་ཞིག་འདུག དེའི་བཟོ་ལྟ་བོད་ལུགས་ཀྱི་གུ་རུའི་བཟོ་ལྟ་དང་གཅིག་པ་རེད། ངས་བདག་གཉེར་བ་ལ་གུ་རུའི་སྐུ་འདི་སུ་གཞེངས་པ་རེད་ཅེས་དྲིས་པ་ཡིན། ལོ་ངོ་སུམ་བཅུ་ཡར་སྔོན་ནས་བླ་མ་ཞིག་གིས་ཧྲོམ་ཧའི་ནས་གདན་དྲངས་ནས་གཞེངས་པ་རེད་ཅེས་ཟེར། ངས་ཞིབ་ཏུ་དྲིས་མོད། ངོ་ནག་ཚིག་ལོག་བྱས་ནས་ཁ་ཕྱིར་རུ་འཁོར་ནས་བུད་སོང་།  རྒྱ་ནག་གི་དགོན་པ་མང་ཤོས་ཀྱི་བདག་གཉེར་བ་ཚང་མ་ཕལ་ཆེར་དེ་འདྲ་དག་དག་རེད།  དེའི་རྗེས་ནས大雄宝殿སངས་རྒྱས་ལྷ་ཁང་ཞེས་པའི་དགོན་པ་དེར་སླེབས། རྟེན་གྱི་གཙོ་བོ། སངས་རྒྱས་ཤྭཀྱ་ཐུབ་པའི་སྐུ་བརྙན་ཆེན་པོ་དང་། གཡས་གཡོན་དུ་ཀུན་དགའ་བོ་སོགས་འདུག གནས་དེ་མཇལ་ནས་སྔར་བཞིན་ཀྱག་ཀྱོག་ཆེ་བའི་རྡོ་རྐས་དེ་བརྒྱུད་ནས་སོང་རྗེས། 灵觉寺རྟོགས་སད་དགོན་པར་འབྱོར། དགོན་པ་འདི་ནི་ཐང་རྒྱལ་རབས་དང་སུང་རྒྱལ་རབས་ཀྱི་སྐབས雷神祠འབྲུག་ལྷའི་མཆོད་ཁང་ཞེས་འབོད། ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཞིས་ཀྱིས་རྟོགས་སད་དགོན་ཞེས་པའི་མིང་བསྒྱུར། རྟེན་གྱི་གཙོ་བོ།  ཤཀྱ་ཐུབ་པའི་སྐུ་བརྙན་དང་དགྲ་བཅོམ་བཅུ་དྲུག་སོགས་བཞུགས།། ཡང་གནས་དེ་དང་ཁ་གྱེས་ནས་རྡོ་ལམ་སྙེགས་ནས་མུ་མཐུད་དུ་མདུན་དུ་བསྐྱོད་པ་ཡིན། 

རྟོགས་སད་དགོན་པ་དང་གླང་ཁྲུས་རྫིང་བུ་བར་གྱི་རྡོ་ལམ་བརྒྱུད་ནས་འགྲོ་མཁན་སྔར་རི་རྩེ་ནས་རྒྱལ་སྲས་ཐང་བར་གྱི་འགྲོ་མཁན་ལྟར་མང་པོ་མི་འདུག  འོན་ཀྱང་ཁ་ཤས་ཡོད་པ་ནི། དད་ལྡན་གནས་མཇལ་པ་དང་། ཡང་ན་ཡུལ་སྐོར་ཟིན་བྲིས་ཆེད་དུ་འོང་བ་ཡིན་པ་འདྲ་བོ་ཤ་སྟག་རེད། ལམ་དེ་བརྒྱུད་ནས་འོང་ཚེ། ལམ་གཡས་གཡོན་དུ་སྡོང་བོ་ཆེ་ལ་རྩེ་མོ་དགུང་དུ་ཟུག་པ་ལྟ་བུ་དང་། ཤིང་སྣ་མི་གཅིག་པ་སྣ་ཚོགས་ཀྱི་བརྩེ་བའི་ཡལ་འདབ་དག་གཅིག་ལ་གཅིག་ཏུ་འཁྱུད་པ་དང་། ཕྱེ་ལེབ་དག་གིས་ལམ་འགྲམ་ན་བཞད་པའི་མཛེས་ཤིང་སྡུག་པའི་མེ་ཏོག་དག་ལ་བརྩེ་བའི་ཆུ་འཛིན་འཁྲིགས་ནས་དལ་བུ་དལ་བུར་གར་གྱི་ཉམས་འགྱུར་ངོམས་པ་དང་། ངོས་མི་ཟིན་པའི་བྱ་དང་བྱིའུ་སོགས་ཀྱི་སྙན་པའི་སྒྲ་དབྱངས་ཐོས་འཛིན་རྣ་བའི་བདུད་རྩིའི་དུ་བསྟིམ་པ་ལ་སྙན་པའི་ཚོད་ཅིག་མི་འདུག  འདི་ནི་སྔར་གྱི་སྐྱེས་མཆོག་དུ་མའི་ཞབས་ཀྱིས་བཅག་སའི་གནས་མཆོག་ལོས་ཡིན་སྙམ་པའི་དགའ་དད་ཀྱི་ཚོར་བ་ཞིག་ཀྱང་ངང་གིས་བསླེབས་བྱུང་། 洗象池གླང་ཁྲུས་རྫིང་བུ་ཞེས་པའི་དགོན་པ་དེར་འབྱོར། དགོན་པ་འདི་མིང་རྒྱལ་རབས་སྐབས་བསིལ་ཁང་ཞིག་ལས་མེད་ཀྱང་། རྗེས་སུ喜庵བྱིས་ཨེན་ཞེས་མིང་བསྒྱུར་བར་བཤད། ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཞིས་ཀྱི་སྐབས泓川禅师བསམ་གཏན་པ་ཧོང་ཁྲེན་ཞེས་པས་དགོན་པར་བསྒྱུར་བ་དང་། 乾隆གོང་མ་ཆིན་ལུང་གི་སྐབས月正和尚བཙུན་པ་ཡེ་ཀྲང་ཞེས་པས་དགོན་པའི་མདུན་དང་སྔོན་གཉིས་ཀྱི་འཕྲང་ལམ་དང་རྫིང་བུ་སོགས་བཟོས་པ་ལ་བརྟེན་ནས་གླང་ཁྲུས་རྫིང་བུ་ཞེས་འབོད་པར་བཤད་འདུག  དགོན་པ་དེའི་མདུན་དུ་ཡོད་པའི་རྫིང་བུའི་ནང་དུ་གླང་ཆེན་ཞིག་བཞག་འདུག དེ་ལ་གཏམ་རྒྱུད་ཡིད་དབང་ཕྲོག་པ་ཞིག་ཡོད་པ་ནི།  སྔོན་ཆད་ཀུན་ཏུ་བཟང་པོས་གླང་ཆེན་བཞོན་ནས་ལམ་དེ་བརྒྱུད་ནས་རི་རྩེར་ཕེབས་སྐབས་གླང་ཆེན་ལ་ཁྲུས་རྒྱག་པའི་རྫིང་བུ་རེད་ཅེས་བཤད་པར་གྲགས་འདུག  དེ་ལ་བརྟེན་ནས་གླང་ཁྲུས་རྫིང་བུ་ཞེས་མིང་བཏགས་པར་འདུག་གོ།  དེར་རྟེན་གྱི་གཙོ་བོ། བྱམས་པའི་ལྷ་ཁང་དང་། སངས་རྒྱས་ཀྱི་ལྷ་ཁང་། སྤྱན་རས་གཟིགས་ཀྱི་ལྷ་ཁང་དང་དཔེ་མཛོད་ཁང་བཅས་བཞུགས་སོ། ཡང་སྔར་བཞིན་གནས་དེ་དང་གྱེས་ནས་རྡོ་སྐས་བརྒྱུད་ནས་སོང་ན华严顶ཧྭ་ཡེན་ཏིང་ཞེས་པའི་དགོན་པར་སླེབས། སྔོན་ཆད་ཡུས་གོང་མའི་སྐབས་བསིལ་ཁང་ཞིག་ལས་དགོན་པ་མེད། ཆིན་རྒྱལ་རབས་ཀྱི་གོང་མ་ཁང་ཞིས་ཀྱིས་དགོན་པར་བསྒྱུར་བ་དང་། ཡུང་ཀྲིན་རྒྱལ་རབས་སྐབས་ཉམས་ལེན་པ་དང་བསམ་གཏན་པ་ཇེ་མང་དུ་སོང་བས华严顶ཧྭ་ཡེན་ཏིང་ཞེས་འབོད་པར་བཤད་འདུག རྟེན་གྱི་གཙོ་བོ་ནི། སྟོན་པའི་སྐུ་དང་སྤྱན་རས་གཟིགས་ཀྱི་སྐུ་བརྙན་བཅས་འདུག་གོ།

ཡུལ་དེའི་བཀོད་པ་ནི་ཧ་ཅང་མཛེས་སྡུག་ལྡན་པ་ཞིག་རེད།  དགོན་པ་དེ་ནས་རྒྱང་ལྟ་བྱས་ན།  ལུང་ཤུར་དག་ཏུ་གླང་ཆེན་གྱིས་ཆུ་འཐུང་པ་བཞིན་དུ་སྤྲིན་དཀར་ལེབ་མོ་རེ་དལ་གྱིས་རྒྱུ་བཞིན་པ་དང་།  དགོན་པ་དེའི་ར་བསྐོར་ཕྱི་ནང་ཀུན་ཏུ་མེ་ཏོག་པདྨའི་འདབ་མ་རྣམ་པར་བཞད་པ་དང་། དྲི་བསུང་གི་ངད་པ་ཡང་སྣ་ཤེས་ཀྱི་བུ་ཁར་ལམ་ལམ་དུ་འཐུལ་བ་དང་།  གནས་དེའི་ཡུལ་ལྗོངས་ཀྱི་མཛེས་པས་མི་སེམས་དབང་མེད་དུ་འཕྲོག་པས་དུས་ཚོད་མང་ཙམ་ཡོད་ན་ཞག་འདུག་བྱེད་པའི་འདུན་པ་རབ་ཏུ་ཆེ་ཡང་། ཕྱིར་མིག་གི་མདའ་མོ་མདའ་མོ་རེ་འཕངས་ནས་གནས་དེ་དང་ཁ་གྱེས་ནས万年寺ཁྲི་ལོ་དགོན་པར་མཇལ་སའི་རྡོ་ལམ་དེད་ནས་སོང་བ་ཡིན། གནམ་གཤིས་ཀྱང་མོག་མོག་ཏུ་གྱུར་ཅིང་། ངེད་གཉིས་ལས་ཡུལ་སྐོར་བའི་རྒྱུ་འགྲུལ་ཀྱང་ཆད། གཡས་གཡོན་སོགས་སུ་ནག་ཚལ་སྟུག་པོ་འཁྲིགས་པས་ཡར་བལྟས་ན་ཕྱིང་དཀར་ཙམ་གྱི་གནམ་མཁའ་ལས་ཅི་ཅང་མཐོང་ཡུལ་དུ་མི་མངོན་པར་གྱུར།  བརྙན་འཕྲིན་ནང་གི་ཐང་སིན་བླ་མ་ཆོས་ལེན་དུ་འགྲོ་སའི་འགག་འཕྲང་དེ་དལ་ཅིག་བློ་ཡུལ་དུ་ཤར་དགོས་བྱུང་། གོམ་སྟབས་མྱུར་ལེན་བྱས་ན་རྡོ་ཐེམ་མང་བས་ས་རུ་འགྱེལ་བའི་ཉེན་ཁ་ཆེ། དལ་བུ་སོང་ན་རྒྱབ་ནས་ཅི་ཞིག་གིས་དེད་ཡོང་བའི་ཚོར་བ་ཞིག་ངང་གིས་བསླེབས་བྱུང་། སོང་མཐར万年寺ཁྲི་ལོ་དགོན་པར་བསླེབས།  དགོན་པ་འདི་ནི། 东晋ཏུང་ཇིང་རྒྱལ་རབས་སྐབས་བཞེངས་པ་དང་། སྐབས་དེར普贤寺ཀུན་བཟང་དགོན་ཞེས་འབོད་པ་དང་། ཐང་རྒྱལ་རབས་སྐབས慧通禅师སློབ་དཔོན་ཧེད་ཐུང་ཞེས་པས白水寺པེ་ཟུད་སིའི་ཞེས་པའི་མིང་དུ་བསྒྱུར་བ་དང་། སུང་རྒྱལ་རབས་སྐབས白水普贤寺ཞེས་སྔར་མིང་གཉིས་འདུས་ཏེ་བཏགས་པ་དང་། མིང་རྒྱལ་རབས་གོང་མ་དབེན་ནིས་ཀྱིས་འདི་ལ万年寺ཁྲི་ལོ་དགོན་ཞེས་བཏགས་པར་བཤད་འདུག་གོ། དགོན་འདི་ལ་བྱམས་པའི་ལྷ་ཁང་དང་། སངས་རྒྱས་ཀྱི་ལྷ་ཁང་སོགས་འདུག རྟེན་གྱི་གཙོ་བོ་ནི་གླང་ཆེན་མཆེ་བ་དྲུག་ལྡན་གྱི་སྟེང་དུ་ཀུན་ཏུ་བཟང་པོའི་སྐུ་བརྙན་ཆེན་པོ་དང་།  ཐུབ་པའི་སྐུ་བརྙན་ཆུང་ངུ་སོགས་ཧ་ཅང་མང་པོ་འདུག གཞན་ཡང་། ཏ་ལོའི་ལོ་མོའི་ཆོས་དཔེ་རྩ་ཆེན་དང་། སངས་རྒྱས་ཀྱི་ཚེམས་སོགས་མཇལ་རྒྱུ་ཡོད་པར་བཤད་ཀྱང་ངེད་གཉིས་ཀྱིས་མཇལ་ཐུབ་མ་སོང་།  ད་ནི་ས་ཡང་རུབ་འགོ་རྩོམ་བྱུང་། རྒྱང་རིང་ན་ཀྲེང་ངེ་འགྲེང་བའི་རི་བོ་དག་གིས་མུན་དག་གི་གོན་པ་སྲབ་མོ་རེ་བཀླུབས་བཞིན་འདུག   དགོན་དེར་ཞག་བསྡད་བྱེད་པའི་མགྲོན་པོ་ཚོས་སོས་དལ་དང་བག་ཕེབས་ངང་གནས་དེའི་ཡུལ་གྱི་མཛེས་པ་ཉམས་སུ་མྱོང་བཞིན་འདུག ང་དང་གྲོགས་པོ་གཉིས་གནས་དེ་ནས素道འབྲེང་ལམ་ལ་བསྡད་ནས་དགོན་དེའི་ཉེ་འདབས་ཀྱི་འཁོར་ལྷས་ནང་དུ་བབས་ནས་དེ་རུ་མགྲོན་ཁང་ཞིག་འཚོལ་ནས་ཞག་བསྡད་བྱས་པ་ཡིན་ནོ།།

༣.jpg

ཉིན་གསུམ་པའི་གནས་མཇལ་རེག་ཟིན།

གླང་ཆེན་འགྱིང་རིའི་ས་ཆ་ནས་མེ་འཁོར་ལ་བསྡད་ནས་བྱམས་པ་ཆུ་གཟིགས་མཇལ་དུ་སོང་། བྱམས་ཆེན་ལྷ་སྐུ་ཆེན་པོ་དང་ཐག་ཉེ་ས་ཞིག་ཏུ་ཟ་མ་བཟའ་པ་ཡིན།  ཟས་ཀྱི་བྲོ་བ་ཡང་ཕུན་སུམ་ཚོགས་ཞིང་། ནམ་ཟླའི་དྲོ་གྲང་ཡང་ལུས་ལ་འཚམ་པོ་ཞིག་ཡིན་པས།  ལུས་ཀྱི་ངལ་དུ་ཡོངས་རྫོགས་དར་ཡོལ་ཕྱེས་པ་བཞིན་དུ་གཞི་མེད་དུ་གྱུར།  ཟ་མ་བཟས་ཚར་རྗེས་ལམ་འགྲམ་ནས་གཏེར་ཆུ་གང་རེ་ཉོ་ནས་མི་ཚོགས་དང་མཉམ་དུ་ཅི་ཞིག་ཡིན་སྙམ་པའི་ང་རྒྱལ་གྱི་རླུང་བུ་ཞིག་གིས་སྤུར་ཏེ་རྡོ་ལམ་བརྒྱུད་ནས་སོང་བ་ཡིན། བྱམས་པ་ཆུ་གཟིགས་མཇལ་ལ་ཉེ་ས་ཞིག་ཏུ། རྒྱ་ནག་གི་ན་གཞོན་མ་ཁ་ཤས་འབྲོག་ཐང་གི་ལྕི་ཚོགས་བཞིན་དུ་ཚོམ་དང་ཚོམ་བྱས་བསྡད་འདུག  ལུས་གཟུགས་སྨྱུག་ཕྲན་བཞིན་དུ་ཕྲ་ཞིང་དྲང་།  གནག་སྣུམ་སྐྲ་ལོ་སིལ་མ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་རྒྱབ་ལོགས་སུ་འཕྱང་ཞིང་།  སྐྲ་ཉག་ཁ་ཤས་དཔྲལ་ངོས་ནས་རྣ་ཅོག་ཐོག་ཏུ་འཐེན་འདུག  པད་མ་ལྟར་བཞད་པའི་བཞིན་རས་སུ་ཡིད་འོང་མཛེས་སྡུག་གི་སོ་ཕྲེང་སྤྲང་རྩི་ལྟར་འཕངས་མེད་དུ་ངོམས་སྟེ། དཀྱུས་རིང་མིག་གི་བུང་བ་ཀེམ་ཀེམ་དུ་འགུལ་བཞིན། གནས་མཇལ་པ་ཚོར་ལམ་ཁྲིད་རོགས་དགོས་སམ་ཞེས་གུས་ཞབས་དང་བཅས་འབོད་བཞིན་འདུག

གླ་དངུལ་གང་འཚམ་རེ་སྤྲོད་ཐུབ་ན། ན་གཞོན་མ་རེ་གནས་དེའི་ལོ་རྒྱུས་བཤད་སར་འཁྲིད་ཆོག་འདུག   

ན་གཞོན་མ་ལ་ལས། ཆུ་སྐྱར་གྱིས་རང་གི་ཕྲུ་གུ་ཁྲིད་ནས་ཆུ་ལ་འཇུག་པ་བཞིན་རྒྱ་མི་ཚོགས་པ་ཁ་ཤས་ཁྲིད་དེ་འགྲོ་བཞིན་འདུག ངེད་གཉིས་ཀྱག་ཀྱོག་ཆེ་བའི་རྡོ་ལམ་བརྒྱུད་ནས་སོང་བ་ཡིན།  ཡུད་ཙམ་གྱི་གཞི་མདོར་ཞིག་ཏུ་སླེབས། ལམ་གཅིག་ནི་བྱམས་པའི་ཕྱག་རྐང་མཇལ་བའི་ལམ་རེད་འདུག  ལམ་གཞན་དེ་ནི་བྱམས་པ་མཇལ་བའི་ལམ་རེད། ངེད་གཉིས་བྱམས་ཆེན་མཇལ་སའི་ལམ་ཕྲན་དེ་བརྒྱུད་ནས་སོང་རྗེས་ལྗོངས་རྒྱུའི་སྟེགས་བུ་ཞིག་ཏུ་འབྱོར། ས་རྒྱ་དོགས་ཞིང་། མི་ཚོགས་ཀྱི་ཡོ་ལང་རབ་ཏུ་རྒོད།   དེའི་ཐད་ནས་བྱམས་ཆེན་གྱི་དབུ་མཇལ་ཐུབ། ངེད་གཉིས་ཀྱིས་ཀྱང་ཁྲ་ཆུང་མིག་གིས་ཟིན་ཚོད་ཙམ་དུ་མཇལ་བ་ཡིན།  བྱམས་ཆེན་གྱི་སྐུ་ཆེན་པོ་འདི་ནི་ཐང་རྒྱལ་རབས་སྐབས་སྤྱི་ལོ༧༣༡ལོར་བཞེངས་འགོ་བརྩམས་པ་ཞིག་རེད།  ཅིའི་ཕྱིར་སྐུ་འདི་འདྲ་ཞིག་བཞེངས་པ་ཡིན་ཞེ་ན།  ད་ལྟ་བྱམས་ཆེན་གྱི་མདུན་དུ་ཡོད་པའི་གཙང་པོ་དེ་ནི岷江་མུང་ཅང་གཙང་བོ་དང衣江ཡུས་ཅང་གཙང་བོ་དང大渡江ཏཱ་ཏུའུ་གཙང་བོ་ཞེས་པའི་ཆུ་བོ་གསུམ་འདུས་པ་ལས་བྱུང་བ་ཞིག་ཡིན་པར་འདུག སྔོན་ཆད་ཆུ་དེ་ནི་གཏིང་ཟབ་ཅིང་མཚོ་རླབས་ཀྱི་ཟེགས་མ་དགུང་དུ་འཕྱོ་བས། དེ་ལས་བརྒལ་བའི་གྲུ་ཆེ་ཆུང་རྣམས་གཙང་བོའི་ནང་དུ་བསྒྱུར་བས། ཚེ་སྲོག་གི་རྩྭ་ཉག་མང་ཙམ་འཁྱུར་མིད་དུ་བཏང་བར་བཤད་དོ།། དེས་ན་གནོད་པ་དེ་བཟློག་ཕྱིར་དུ海通和尚བཙུན་པ་ཧེད་ཐུང་གིས་བྲག་ངོས་སུ་བྱམས་ཆེན་གྱི་ལྷ་སྐུ་གསར་དུ་བཞེངས་པར་གྲགས།   བྱམས་ཆེན་གྱི་སྐུ་ཡོངས་སུ་འཇུག་གྲུབ་པ་ལ་ལོ་ངོ་ཧྲིལ་པོ༩༠འགོར་བར་བཤད། སྐུ་དེ་གྲུབ་རྗེས་གཙང་པོའི་རྦ་རླབས་ཞི་འཇགས་སུ་སོང་བས། 

མི་རྣམས་ལ་གནོད་ཚེ་མ་བྱུང་ངོ་།།  གཞན་ཡང་འདི་ལ་གཏམ་རྒྱུད་ཡ་མཚན་པ་ཞིག་ཡོད་པ་ནི།    

སྤྱི་ལོར༡༩༥༩ནས༡༩༦༢བར三年大饥荒མུ་གེའི་འཇིགས་པ་ཆེན་པོ་ལོ་གསུམ་ལ་བསྟུད་མར་བྱུང་བས་མི་རྣམས་འཆི་བའི་འཕྲང་ལམ་དུ་དེད་པར་བཤད། དེའི་སྐབས་བྱམས་ཆེན་གྱི་སྤྱན་ཟུང་བཙུམ་པ་དང་། ༡༩༦༣ལོར་མུ་གེའི་འཇིགས་པ་སེལ་བའི་འགོ་རྩོམ་པས་བྱམས་ཆེན་ལྷ་སྐུའི་སྤྱན་ཟུང་སླར་ཡང་ཕྱེ་མྱོང་ཟེར།  སྤྱི་ལོ༡༩༧༦ལོར唐山大地震ཐང་ཧྲིང་ས་འགུལ་ཆེན་པོ་བྱུང་བས་མི་ཁྲི་བཅུ་ཁར་ལངས་པ་ཞིག་གི་གཅེས་པའི་ཚེ་སྲོག་ཤོར་བས་བྱམས་ཆེན་གྱིས་སྤྱན་ཆབ་བཞུར་མྱོང་ཟེར།  ཕྱིས་སུ་འདི་ལ་དཔྱད་གླེང་སྣ་ཚོགས་སྤེལ་མྱོང་འདུག དད་ལྡན་རྣམས་ཀྱིས་འདི་ནི་བྱམས་པས་ལུང་སྟོན་པ་ཡིན་པར་བཤད་པ་དང་། གཞན་རྣམས་ཀྱིས་རང་བྱུང་གི་སྣང་ཚུལ་ལམ་སྔར་གྱི་བཟོ་རྩལ་མ་ལེགས་པའི་སྟབས་ཀྱིས་ཆར་ཐིགས་ཀྱིས་བརླན་ནས་ཞིག་པ་ལས་ཅི་ཅང་མིན་པར་བཤད་འདུག་གོ། ད་རུང་ལྷ་སྐུ་ཆེན་པོ་འདིའི་ལོ་རྒྱུས་ཉམས་མཚར་པོ་མང་དུ་འདུག་ཀྱང་ད་ནི་མཚམས་འཇོག་ནས་རང་ཉིད་ཀྱི་གནས་མཇལ་གྱི་མཐོང་སྣང་ཉུང་བསྡུས་ཞིག་བྲི་བར་བྱའོ།། ལྗོངས་རྒྱུའི་སྟེགས་བུ་དེ་ནས་གཡོན་བསྐོར་བྱས་ནས་ངོས་གཟར་བའི་རྡོ་ལམ་ནས་མར་བབས་པ་ཡིན། ངེད་གཉིས་ལས་ཕལ་ཆེར་གཡོན་བསྐོར་བྱས་ནས་མར་འབབ་མཁན་མེད་པ་འདྲ།  ཅུང་ཟད་ངོ་སྐྱེངས་དགོས་པ་ཞིག་ཀྱང་བྱུང་།  མར་བབས་ནས་འགྲམ་ངོགས་ནས་ཡར་འཛེགས་ན灵宝塔ལིང་བོབ་ཐཱ་ཞེས་པའི་མཆོད་རྟེན་དེར་མཇལ་ཐུབ། དེ་ནི་བྱམས་ཆེན་གྱི་རི་སྟེང་ན་བཞེངས་འདུག  བང་རིམ་བཅུ་གསུམ་ཅན་གྱི་མཆོད་རྟེན་འདིའི་འདབ་ནས་ཡར་བལྟས་ན་རྩེ་མོ་དགུང་དུ་ཟུག་པ་ལྟར་སྣང་ངོ་། མཆོད་རྟེན་འདིའི་རྟེན་གྱི་གཙོ་བོ། བྱམས་པ་ཆུ་གཟིགས་གསར་དུ་བཞེངས་མཁན་དང་མཆོད་རྟེན་འདི་བསྐྱར་གསོ་བྱེད་མཁན་བཙུན་པ་ཧེད་ཐུང་གི་རུས་ཐལ་དང་། སངས་རྒྱས་ཀྱི་སྐུ་དང་།   རིང་བསྲེལ་སོགས་ཡོད་པར་འདུག  དད་འབངས་ཁ་ཤས་ཀྱི་ལག་གཡས་པར་འཁོར་ལོ་ཐོགས་ཤིང་། གཡོན་པར་ཕྲེང་དམར་རེ་བསྣམས་ནས། ཤུབ་བུར་ཅི་ཞིག་ཁ་ནས་ཟློ་བཞིན་མཆོད་རྟེན་བསྐོར་བཞིན་འདུག   ངེད་གཉིས་ཀྱིས་ཀྱང་་མཆོད་རྟེན་མཇལ་རྗེས།  རྡོ་ལམ་ནས་མར་བབས་ནས千佛洞སངས་རྒྱས་སྟོང་གི་ཕུག་པ་ཞེས་པ་དེ་འཚོལ་བ་ཡིན། ཚ་ལམ་ལམ་གྱི་ཉི་འོད་འོག་ནས་ཡར་མར་མང་ཙམ་འདུར་བ་ཡིན། ལོ་ཚོད་ཅུང་མཐོ་བའི་རྒྱ་མི་ཁ་ཤས་ལ千佛洞སངས་རྒྱས་སྟོང་གི་ཕུག་པ་ཞེས་པ་གང་དུ་ཡོད་རེད་ཅེས་དྲིས་མོད། ངོ་གདོང་ལ་ཞེད་སྣང་འདམ་པ་གང་རེ་བསྣམས་ནས། ཤུབ་ཤུབ་ཀྱི་ཚིག་འབྲུ་གསལ་ལ་མི་གསལ་བ་རེའི་ལན་རེ་སྟེར་ནས་གོམས་སྟབས་མྱུར་དུ་ལེན་ནས་བུད་འགྲོ་ཡི་འདུག  རྒྱུ་རྐྱེན་ཅི་ཞིག་གིས་ཡིན་པ་མི་ཤེས་མོད། གང་ལྟར་ཕར་བལྟས་ཚོད་ལ་ཁོ་ཚོས་རབ་བྱུང་པ་ལ་འཁོན་སེམས་ཞིག་བཟུང་འདུག་སྙམ་པའི་ཚོར་བ་ཞིག་ངང་གིས་སྟེར།  རྒྱ་མི་ན་གཞོན་མང་ཤོས་ནི་དེ་འདྲ་མ་རེད།  ལོ་ཚོད་ཉི་ཤུའི་ནང་ཟིན་འདུག་སྙམ་པའི་གཞོན་ནུ་མ་ཞིག་ལ་ངེད་གཉིས་ཀྱིས་སྔར་ལྟར་སངས་རྒྱས་སྟོང་གི་བྲག་ཕུག་པ་ཞེས་པ་དེ་གང་ན་ཡོད་དམ་ཞེས་དྲིས། རྨ་བྱས་འབྲུག་སྒྲ་ཐོས་པ་ལྟར་བཞིན་རས་བཅོ་ལྔའི་ཟླ་བ་ལ་འཛུམ་པའི་ཟེར་བརྒྱ་འཕྲོས་ནས་དྲིས་པའི་ལན་དུ།   ང་ལ་ས་ཆ་འདི་ལ་ཆ་རྒྱུས་ཆེན་པོ་མེད་མོད། ངས་རོགས་བྱེད་ཆོག་ཟེར་ནས།   བྱ་ཕོ་རོག་གི་མགོ་བོ་ལྟར་ཡར་མར་འགྲོ་ལམ་གྱི་ལྗོངས་རིས་ལ་ཅུང་ཙམ་བལྟས་རྗེས། ངེད་གཉིས་ལམ་ཕྲན་ཆེ་ཆུང་ཁ་ཤས་ཀྱི་ལམ་སྣེ་ལ་འཁྲིད་བྱུང་། མོ་ལ་ཡང་ཆ་རྒྱུས་ཆེན་པོ་མེད་པ་འདྲ། ལག་ཟུང་གིས་རང་གི་མགོ་བོའི་སྐྲ་ལོ་ལ་སྤར་སྙོབ་ཞིག་བྱས་ནས་འདི་ན་ཡིན་པ་འདྲ། ངས་ཀྱང་གསལ་བོ་ཞིག་ཤེས་མི་འདུག དགོངས་དག་ཞུ་ཟེར།  ངས་ཀྱང་བཀའ་དྲིན་ཞུ་ནས་མདུན་དུ་ཡོད་པའི་གསེད་ལམ་དེ་བརྒྱུད་ནས་སོང་བ་ཡིན། བྲག་ཕུག་ཞིག་ཏུ་ཐོན། བྲག་ཕུག་དེར་བྱམས་པའི་སྐུ་ཆེན་པོ་དང་ཕུག་པ་དེའི་ངོས་སུ་རྒྱ་ཆེན་རིགས་བཞི་སོགས་ལས། སངས་རྒྱས་སྟོང་གི་ཕུག་པ་ཡིན་པའི་སྣང་བ་ཞིག་ཡེ་ནས་མི་འདུག  ཕལ་ཆེར་དེ་སངས་རྒྱས་སྟོང་གི་ཕུག་པ་མིན་ལས་ཀྱང་ཆེའོ།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།