ཀྲུང་གོ་བོད་ཀྱི་དྲ་བ།

ཤོག་ཁག་རིག་གནས་རྩ་མེད་དུ་བཏང་སྟེ་སྒྲིག་འགལ་ཟ་འཐུང་གི་ཁེ་ཕན་ཕྲེང་ཐག་རྩ་བ་ནས་གཅོད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2025-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང“ད་ལྟའི་རུལ་རྒོལ་འཐབ་རྩོད་ཀྱི་གནས་བབ་སྔར་བཞིན་ཧ་ཅང་རྙོག་འཛིང་ཆེ་ལ།རུལ་སུངས་ཀྱི་བསོག་གྲངས་གཙང་སེལ་བྱེད་ཐུབ་མེད་པར་མ་ཟད།ད་རུང་མུ་མཐུད་དུ་འཕར་སྣོན་འབྱུང་བཞིན་ཡོད་པས།རུལ་སུངས་འབྱུང་སའི་གཤིན་ས་དང་ཆ་རྐྱེན་མེད་པར་བཟོ་བའི་ལས་འགན་སྔར་བཞིན་ཧ་ཅང་ལྕི”ཞེས་ནན་གྱིས་བསྟན་ཡོད་ལ།“ཤོག་ཁག་རིག་གནས”ཀྱང་གསུང་བཤད་ཁྲོད་གནད་དུ་བཟུང་ནས་བཏོན་ཡོད།དེ་ནི་རུལ་སུངས་འབྱུང་སའི་གཤིན་ས་དང་ཆ་རྐྱེན་ཡིན་ལ།སྒྲིག་འགལ་ཟ་འཐུང་གི་སྣང་ཚུལ་གཏན་འགོག་བྱེད་མི་ཐུབ་པའི་རྒྱུ་རྐྱེན་གཙོ་བོའང་རེད།ཁེ་ཕན་གཙིགས་སུ་བཟུང་བའི་རིག་གནས་ཡ་མ་གཟུགས་དེས་ཡིབ་ཤུགས་ཆེ་བའི་མི་སེམས་ཀྱི་དྲ་རྒྱ་ཚགས་དམ་པོ་ཞིག་བཟོས་ཏེ།སྒྲིག་འགལ་ཟ་འཐུང་དེ་དབང་ཆར་ཁ་ལོ་བསྒྱུར་བ་དང་ཁེ་ཕན་སྙེག་སའི་གནས་མལ་དྲོན་པོར་བསྒྱུར་ཡོད།“ཤོག་ཁག་རིག་གནས”རྩ་བ་ནས་གཏོར་བཤིག་བཏང་སྟེ།ཁེ་ཕན་སྙེག་པའི་ཕྲེང་ཐག་ཚར་བཅད་ན།སྒྲིག་འགལ་ཟ་འཐུང་གི་སྤྱོད་ཚུལ་ངན་པ་འདི་ད་གཟོད་རྩ་བ་ནས་འགོག་ཐུབ།

“ཤོག་ཁག་རིག་གནས”ཞེས་པ་ནི་སྤྱིར་བཏང་གི་མིའི་བར་གྱི་འབྲེལ་འདྲིས་ཤིག་མ་ཡིན་པར།དབང་ཆ་དང་ཁེ་ཕན་གཙོར་བཟུང་སྟེ།འབྲེལ་བ་སྣ་ཚོགས་ལས་གྲུབ་པའི་མི་མངོན་པའི་ཤོག་ཁག་ཆུང་ཆུང་བསྒྲིགས་པའི་སྣང་ཚུལ་ཞིག་རེད།བྱེ་བྲག་གི་མངོན་ཚུལ་བཤད་ན།“ཤོག་ཁག་རིག་གནས”ལ་རྣམ་པ་སྣ་ཚོགས་ཡོད་དེ།ཡུལ་ཕྱོགས་གཅིག་དང་སློབ་གྲྭ་གཅིག་ནས་ཡོང་བའི“སློབ་གྲོགས་ཀྱི་ཤོག་ཁག”དང“ཡུལ་གྲོགས་ཀྱི་ཤོག་ཁག”ཡོད་ལ།“ཆང་འཐུང་རོགས”དང“ཤོག་སྦག་རྩེ་རོགས”ཀྱིས་གྲུབ་པའི་དགའ་ཕྱོགས་མཐུན་པའི་ཤོག་ཁག་ཡོད་པར་མ་ཟད།ད་རུང“སྲིད་ཚོང་ཚོགས་པ”ཞེས་པའི་ཆབ་སྲིད་དང་ཚོང་དོན་འབྲེལ་འདྲིས་ཀྱི་ཆ་འཕྲིན་མཉམ་སྤྱོད་ཤོག་ཁག་ཀྱང་ཡོད།ཤོག་ཁག་འདི་དག་གིས་རྒྱུན་ལྡན་གྱི་ཆབ་སྲིད་དང་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་བཅས་ལ་གཏོར་བརླག་ཚབས་ཆེན་གཏོང་གིན་འདུག

སྒྲིག་འགལ་ཟ་འཐུང་ནི“ཤོག་ཁག”དེའི་ནང་དུ་ཞུགས་པའི“འཛིན་བྱང”ལྟ་བུ་ཡིན་ལ།“ཤོག་ཁག”དེ་རྒྱུན་སྐྱོང་བའི་སྒྲོག་ཐག་ལྟ་བུའང་རེད།“ཤོག་ཁག”དེ་དག“ལྷན་འཛོམས”བྱེད་རྒྱུར་དགའ་བར་མ་ཟད།ཟ་འཐུང་ལ་ཁ་གཡར་ཏེ“རྒྱུས་མེད”ནས“རྒྱུས་ཡོད”དུ་གཏོང་བ་དང་།དེ་ལ“བརྩེ་བའི་འབྲེལ་འདྲིས”དང“གྲོགས་པོ་སྒྲིག་པ”ཞེས་པའི་མིང་ཡག་པོ་ཞིག་བཏགས་འདུག དེར་མ་ཟད་ད་རུང“བརྩེ་དུང་ཟབ་མོ”ཡོད་པར་བཤད་དེ།“འོག་རིམ”གྱིས“གོང་རིམ”ལ“བློ་སེམས་དཀར”མདོག་སྟོན་པ་དང་།“གོང་རིམ”གྱིས“འོག་རིམ”ལ“གཅེས་སྐྱོང”བྱེད་མདོག་སྟོན་ཏེ། ཁྱོད་ཀྱིས་ནུས་ཤུགས་ཡོད་ཚད་ངའི་ཆེད་དུ་འདོན་ཐུབ་ན།ངས་ཁྱོད་ཀྱི་ཆེད་དུ་རང་རང་སྲོག་བློས་གཏོང་ཐུབ་པར་བཤད།དེ་ལྟར་ཆང་འཐུང་བ་དང་ཟ་འཐུང་གི་བར་ནས་ཕན་ཚུན་རྒྱབ་རྟེན་དུ་བརྩི་བ་དང་འབྲེལ་བ་སྲ་བརྟན་དུ་གཏོང་བ།ཁེ་ཕན་བརྗེ་རེས་བྱས་ཏེ།སྣོལ་མར་ཆགས་པའི་འབྲེལ་བའི་དྲ་བ་འཛུགས་པ་དང་རིམ་གྱིས“མགྲོན་བྱེད་པ་ནས་ཤོག་ཁག་སྒྲིག་པ་དང་དེ་ནས་ཁེ་ཕན་སྙེག་པ”ཡི་རུལ་སུངས་ཀྱི་ཕྲེང་ཐག་གྲུབ་ཏུ་བཅུག་ཡོད།

“ཤོག་ཁག་རིག་གནས”ཀྱིས་ད་རུང་སྒྲིག་འགལ་ཟ་འཐུང་ལ་སེམས་ཁམས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་ཀྱིན་ཡོད་པས།སྒྲིག་འགལ་ཟ་འཐུང་གི་འབྱུང་རྐྱེན་གཙོ་བོ་རེད།“ཤོག་ཁག་རིག་གནས”ཀྱི་ཤུགས་རྐྱེན་འོག མི་ཁ་ཤས་ཤིག་ལ་ཤེས་རྟོགས་ཀྱི་ནོར་འཁྲུལ་དང་སྟབས་ལེགས་ཀྱི་སེམས་ཁམས་བྱུང་སྟེ།“ཤོག་ཁག”ནང་ཁུལ་གྱི་ཆ་འཕྲིན་ནི་གསང་ཚུགས་པར་མ་ཟད་ཕན་ཚུན་ལ་འགེབས་སྲུང་བྱེད་པའི“བདེ་འཇགས་ཀྱི་འཛིང་རགས”ཆགས་ཡོད་པར་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད་ལ།ཤོག་ཁག་གི་ནང་དུ་སྒྲིག་འགལ་ཟ་འཐུང་བྱས་ན་ལྟ་སྐུལ་ལ་གཡོལ་ཐུབ་པས་རང་གཅུན་བྱེད་མི་དགོས་པར་འདོད་ཀྱིན་ཡོད།དེ་བས་སྒྲིག་འགལ་གྱི་ཟ་འཐུང་ཡིན་པ་ཤེས་བཞིན་དུ་སྟབས་ལེགས་ཀྱི་སེམས་ཁམས་བཅངས་ནས།མི་དམངས་འདུ་ས་རུ་སྒྲིག་ཁྲིམས་གླེང་བ་དང་།ལྐོག་ཏུ་རྒྱས་བཟའ་རྒྱས་འཐུང་བྱས་ཏེ་མི་ལས་དགུ་ལས་བྱེད་ཀྱིན་འདུག འདི་ལྟ་བུའི་རིག་གནས་ཀྱི་ཤུགས་རྐྱེན་འོག མི་ཁ་ཤས་ཤིག་གིས་དབང་ཆ་བརྩོན་པ་དང་ཁེ་ཕན་མཉམ་སྤྱོད་བྱས་ཏེ།སྒྲིག་འགལ་གྱི་ཟ་འཐུང་དེ་ཆེས་སྟབས་བདེ་བའི་འབྲེལ་འདྲིས་བྱེད་སྟངས་ཤིག་ཏུ་རྩི་བཞིན་ཡོད་ལ།“ཤོག་ཁག”འཛུགས་པ་དང་དེའི་ནང་དུ་ཞུགས་པ་ལ་བརྟེན་ནས་ཚུལ་མིན་གྱི་ཁེ་ཕན་བརྩོན་བཞིན་ཡོད།

རིག་གནས་ཡ་མ་གཟུགས་དེ་ནི་ཆབ་སྲིད་སྐྱེ་ཁམས་ཀྱི་སྟེང་དུ་འབྱར་བའི་ནད་ཡམས་ཤིག་དང་འདྲ་བར།མིའི་བར་གྱི་རྒྱུན་ལྡན་འབྲེལ་འདྲིས་ཀྱི་རྩ་དོན་འཁྱོག་བཤད་བྱས་ཡོད་ལ།མིའི་བར་གྱི“རྒྱུན་ལྡན་གྱི་འགྲོ་འོང”དེ་རིམ་གྱིས“ཤོག་ཁག་ནང་གི་རུལ་སུངས”སུ་བསྒྱུར་ཡོད།དེས“བློ་དཀར་བ”དེ་ཤོག་ཁག་ནང་གི་རྨོངས་མུན་གྱི“ལྷག་བསམ”དུ་བསྒྱུར་བས།མི་ཁ་ཤས་ཤིག་གིས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནི་བྱིས་པའི་རྩེད་མོའི་ཚུལ་དུ་བཟུང་སྟེ།སྒེར་གྱི་ཁེ་ཕན་དེ་ཏང་དང་མི་དམངས་ཀྱི་ཁེ་ཕན་གྱི་སྔོན་ལ་བཞག་ཡོད།བྱ་སྤྱོད་འདི་དག་ཏང་གི་གཞི་རྩའི་དགོངས་དོན་དང་ཚབས་ཆེན་པོས་འགལ་ཡོད་པ་དང་།མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་སྣང་མེད་དུ་བསྐྱུར་ཡོད་པས།བླ་མེད་ཀྱི་སྤྱི་པའི་དབང་ཆ་དེ་སྒེར་གྱི་ཧམ་སེམས་བསྐོང་བ་དང་ཤོག་ཁག་ཆུང་བའི་ཁེ་ཕན་སྐྱོང་བྱེད་ཀྱི་ལག་ཆ་ངན་པ་ཞིག་ཏུ་བསྒྱུར་འདུག  དེས་ཆབ་སྲིད་སྐྱེ་ཁམས་ཀྱི་ལྷད་མེད་དྭངས་གཙང་ལ་གཏོར་བརླག་ཚབས་ཆེན་བཏང་ཡོད་པར་མ་ཟད།རྒྱལ་ཁབ་ཁྲིམས་ལུགས་ཀྱི་ཟིལ་ཤུགས་ལ་ཕོག་ཐུག་ཚད་མེད་བཏང་ཡོད་པས།ངེས་པར་རྩ་བ་ནས་མེད་པར་གཏོང་དགོས།

“ཤོག་ཁག་རིག་གནས”གཏོར་བ་དང་སྒྲིག་འགལ་ཟ་འཐུང་གི་ཁེ་ཕན་ཕྲེང་ཐག་རྩ་བ་ནས་གཅོད་དགོས་ན།ཐབས་མང་མཉམ་སྤྱོད་དང་རྩ་ལག་མཉམ་བཅོས་བྱེད་དགོས།རྒྱུན་རྣམ་ཅན་གྱི་སྒོ་ནས་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་ཉེན་བརྡའི་སློབ་གསོ་གཏོང་དགོས་པར་མ་ཟད།ཏང་ཡོན་ལས་བྱེད་པར་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ།རིན་ཐང་ལྟ་བ་བཅས་ཆགས་པར་སྣེ་ཁྲིད་པ་དང་།རང་འགུལ་གྱིས“ཤོག་ཁག་རིག་གནས”ཀྱི་བསླད་སྐྱོན་ཐེབས་པར་འགོག་རྒོལ་བྱས་ཏེ།བསམ་བློའི་སྟེང་ནས་སྒྲིག་འགལ་ཟ་འཐུང་མེད་པར་བཟོ་དགོས། གཞན་ད་རུང་ལམ་ལུགས་དྲ་རྒྱ་སྔར་ལས་ཇེ་དམ་དུ་གཏོང་བ་དང་།ཏང་ནང་གི་ལྟ་སྐུལ་ལམ་ལུགས་དང་དབང་ཆ་འཁོར་སྐྱོད་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ།གཞུང་དོན་སྣེ་ལེན་གྱི་ཚད་གཞི་དང་ཁྱབ་ཁོངས།གོ་རིམ་སོགས་ཀྱི་ཐད་སྔར་ལས་ཞིབ་ཆ་ལྡན་པའི་གཏན་འཁེལ་བཟོ་བ་བཅས་བྱས་ཏེ།སྒྲིག་འགལ་ཟ་འཐུང་གི་བར་སྟོང་ཇེ་ཆུང་དུ་གཏོང་དགོས།དུས་མཚུངས་སུ། ལས་བྱེད་པ་འདེམས་སྤྱོད་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་།“ཤོག་ཁག”གི་བཙན་རྫོང་གཏོར་བ།དངོས་གནས་ནུས་པ་ཡོད་པ་དང་ཁག་ཁུར་ཡོད་པའི་ལས་བྱེད་པར་ནུས་རྩལ་ཀུན་འདོན་བྱེད་དུ་འཇུག་པ་བཅས་ཀྱིས།“ཤོག་ཁག་རིག་གནས”ཀྱི་ངན་ཤུགས་མགོ་ཁུངས་ནས་མེད་པར་བཟོ་དགོས།དེ་ལས་ཀྱང་གལ་ཆེ་བ་ནི་ཏང་ནང་གི་ལྟ་སྐུལ་དང་དམངས་གཙོ་ལྟ་སྐུལ། གླེང་ཕྱོགས་ལྟ་སྐུལ་བཅས་ལ་ཤུགས་སྣོན་པ་དང་།སྤྱི་དམངས་ཀྱིས་ལྟ་སྐུལ་བྱེད་པར་སྟབས་བདེ་སྐྲུན་པ་དང་རྒྱབ་སྐྱོར་བྱེད་དགོས་ལ།གུ་ཡངས་གཏན་ནས་མེད་པའི་རྣམ་འགྱུར་གྱིས།སྒྲིག་འགལ་བྱ་སྤྱོད་དང་ངན་པ་ཕྱོགས་སྒྲིག་བྱེད་པའི་སྣང་ཚུལ་རྩད་གཅོད་ནན་མོ་བྱེད་དགོས་པ་ལས།ལྷོད་གཡེང་དང་གུ་ཡངས་གཏན་ནས་གཏོང་མི་རུང་བ་དང་།འཇིགས་སྐུལ་གྱི་ནུས་པ་དྲག་པོ་ཐོན་པར་བྱས་ཏེ།སྒྲིག་འགལ་ཟ་འཐུང་དང“ཤོག་ཁག་རིག་གནས”ཆགས་ཐབས་མེད་པར་བྱེད་དགོས།

“ཆང་ཕོར་ཆུང་རུང་མི་སྲོག་ལེན”ཞེས་པའི་བབ་ཆགས་ཀྱི་སྐད་ཆ་དེས།སྒྲིག་འགལ་ཟ་འཐུང་གི་རྒྱབ་ཏུ་ཡིབ་པའི་ཉེན་ཁ་གསལ་སྟོན་བྱས་ཡོད། “བརྩེ་སེམས་དྲོན་མོས”བོས་པའི་མགྲོན་བསུ་རེ་རེ་ནི་ཆེད་དུ་ཁྱེད་ལ་སེམས་ཞིབ་མོས་ཇུས་འགོད་བྱས་པ་ཡིན་ལ། གསོལ་ཅོག་སྟེང་གི་ཟ་མ་ཞིམ་པོ་ནི་རྔོན་པའི་ལག་གི་སླུ་ཟས་ཡིན་པས།“མགྲོན་དུ་ཕེབས་རོགས”ཞེས་པའི་བརྩེ་སེམས་དྲོན་མོའི་རྒྱབ་ཏུ་ཡིབ་པ་ནི“བཙོན་ལ་འདུག་རོགས”ཞེས་པའི་བསམ་ངན་རེད།ཏང་ཡོན་ལས་བྱེད་པས་གནས་སྐབས་ཀྱི་ལྷོད་གཡེང་དབང་གིས་དོགས་ཟོན་ལྷོད་ན།མི་ངན་གྱི་གཡོ་འོག་ཏུ་ཚུད་དེ་ཁེ་ཕན་བསྐྲུན་པའི་འདམ་རྫབ་ཏུ་ལྷུང་སྲིད།ཟ་འཐུང་གི་འགོག་སྲུང་དམ་པོར་སྲུང་བ་ནི་སྤྱོད་གཙང་གི་ཚད་མཐའ་དམ་པོར་སྲུང་བ་ཡིན་པས།ཟས་ཐུན་གཅིག་དང་ཆང་ཕོར་གང་གིས་རང་ཉིད་ཀྱི་མི་ཚེའི་སྤྱོད་པ་གཙང་མ་རྫོབ་ཏུ་འཇུག་མི་རུང་ལ།ཏང་དང་མི་དམངས་ཀྱི་ཡིད་ཆེས་སྟོང་ཟད་དུ་གཏོང་མི་རུང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།